འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་2ཉིན་གནས་ཚུལ་འབྱོར་གསལ། ཚེས་2ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི། སྤྱི་ཁྱབ་ཚོང་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་རྡོ་རྗེ་ཚེ་སྒྲུབ་ཀྱིས་བརྟག་ཞིབ་ཚོགས་ཆུང་དང་བཅས་པའི་སྣེ་ཁྲིད་དེ། 8848ལས་གཏོད་གླིང་དང་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭའི་དོག་སྡེ་ལུང་ཤུར་གྱི་ཡུག་སྦྲེལ་ཁུལ་དང་པོའི་ནགས་བཟོའི་ས་ཚིགས་སུ་ཕེབས་ནས། སློབ་ཆེན་སློབ་མའི་ལས་ཞུགས་ལས་གཏོད་དང་ཤིང་འཛུགས་ནགས་བཟོའི་ལས་དོན་གྱི་འཕེལ་རིམ་དང་ལྕང་སོན་སྐྱེ་འཚར་སོཌ་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་མ་ཟད། ལྷག་པའི་དཀའ་ངལ་དང་གནད་དོན་སྐོར་གྱི་སྙན་གསེང་ཡང་གསན་པ་རེད།
བརྟག་ཞིབ་ཚོགས་ཆུང་གིས། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཐོན་སྐྱེད་ནུས་ཤུགས་གསར་མའི་བླང་བྱ་ཁོང་དུ་ཡང་དག་ཆུད་པར་བྱེད་པ་དང་། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མར་ཇུས་འགོད་བྱས་ཏེ་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་བ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དེ་ལྗང་མདོག་ཚན་རྩལ་གསར་གཏོད་དང་ལྗང་མདོག་སྔོན་ཐོན་ལག་རྩལ་ཁྱབ་གདལ་བེད་སྤྱོད་མགྱོགས་སུ་གཏོང་བ་དང་། ནགས་བཟོ་ཆུ་སྲུང་དང་ཆུ་འདྲེན་ཆུ་སྤྱོད་བཅས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ། ལྕང་སོན་ཁྱབ་ཚད་དང་གསོན་ཚད་མཐོ་རུ་ཏན་ཏིག་གཏོང་བ་བཅས་བྱས་ནས་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭ་བདེ་བླག་ངང་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
བརྟག་ཞིབ་ཚོགས་ཆུང་གིས་གཞོན་ནུ་ལས་གཏོད་པ་ཚོས་འདུ་ཤེས་གསར་བརྗེས་ཕོད་པ་དང་། འཚོལ་ཞིབ་དང་གསར་གཏོད་ཕོད་པ། བསམ་གཞིག་དང་ཞིབ་འཇུག་ལ་བརྩོན་པ་བཅས་བྱས་ཏེ་སློབ་གྲྭ་ནས་སྦྱངས་པའི་ཤེས་བྱ་དང་ལས་གཏོད་ཁྲོད་བསགས་པའི་ཉམས་མྱོང་གང་ལེགས་སྤྱད་དེ། ཁེ་ལས་རྒྱ་སྟོབས་ཆེ་རུ་གཏོང་བ་དང་ཁྱད་ཆོས་ཡོད་པར་བྱས་ནས་ཁྲོམ་རའི་འགྲན་རྩོད་ཁྲོད་བྱས་རྗེས་འཇོག་ཐུབ་པ་བྱེད་དགོས། མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་། རྒྱུན་འཛིན། དར་སྤེལ་བཅས་ཧུར་ཐག་བཏང་ནས་སྲོལ་རྒྱུན་གྱི་ལག་རྩལ་དང་དེང་རབས་ཀྱི་ཇུས་འགོད་ཕན་ཚུན་མཉམ་འདྲེས་བྱས་ཏེ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དེ་སྲུང་སྐྱོང་ཁྲོད་རྒྱུན་འཛིན་དང་གསར་གཏོད་ཁྲོད་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་པའི་ཐུགས་རེ་གནང་བ་རེད།
(བདེ་དབང་དང་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)