ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་2ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་ཨ་རིའི་ཙུང་ཐུང་པའེ་ཀྲེན་དང་ཞལ་པར་ནས་བཀའ་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཨའི་འབྲེལ་བ་དང་དེ་བཞིན་ཕྱོགས་གཉིས་པོས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་སྐོར་ལ་ལྷག་བསམ་ཟོལ་མེད་ངང་དགོངས་འཆར་བརྗེ་རེས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ན་ནིང་ཟླ་11པར། ང་དང་སྐུ་ཞབས་ཙུང་ཐུང་ཅིའུ་ཅིན་ཧྲན་དུ་ཞལ་འཛོམས་བྱུང་ནས་འབྱུང་འགྱུར་ལ་ཕྱོགས་པའི“ཅིའུ་ཅིན་ཧྲན་གྱི་ཕུགས་འདུན”འགྲུབ་འགོ་ཚུགས་ཡོད། ཟླ་ཤས་རིང་། ཕྱོགས་གཉིས་པོའི་ཚོགས་པས་ང་ཚོའི་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་ནན་ཏན་བྱས་པས། ཀྲུང་ཨའི་འབྲེལ་བ་བརྟན་པོ་བྱུང་བའི་རྣམ་པ་ཐོན་ནས་རྒྱལ་ཁབ་གཉིས་པོའི་ལས་རིགས་ཁག་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དགའ་བསུ་ཐོབ་ཡོད། ཕྱོགས་གཞན་ཞིག་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཁྲོད་འགལ་རྐྱེན་ཡང་མང་དུ་ཕྱིན་ཡོད་པས་ཕྱོགས་གཉིས་པོས་མཐོང་ཆེན་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འཐབ་ཇུས་ཀྱི་ངེས་ཤེས་གནད་དོན་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་ཨའི་འབྲེལ་བས་ངེས་པར་དུ་ཐེབས་ཆི་དང་པོ་དེ་ཡག་པོ་རྒྱག་དགོས་པ་དེ་རེད། ཀྲུང་གོ་དང་ཨ་རི་ལྟ་བུའི་རྒྱལ་ཁབ་ཆེན་པོ་འདི་འདྲ་གཉིས་དབར་འགྲོ་འོང་དང་འབྲེལ་གཏུག་མི་བྱེད་པ་བྱེད་མི་རུང་ལ། གདོང་གཏུག་དང་འགྲན་རྒོལ་དེ་བས་ཀྱང་བྱེད་མི་རུང་བར་ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། མཉམ་ལས་གཉིས་ཕན་བཅས་ཡོང་བར་བྱས་ཏེ་བརྟན་ལྷིང་དང་། སྐྱོན་བྲལ། རྒྱུན་མཐུད་བཅས་ཀྱི་འགྲོ་ལམ་ཐོག་མུ་མཐུད་མདུན་དུ་སྐྱོད་དགོས་པ་ལས། ཕྱིར་བཤོལ་རྒྱག་མི་རུང་།
ཞི་ཅིན་ཕིང་གིས་གསུངས་དོན། འདི་ལོའི་ཀྲུང་ཨའི་འབྲེལ་བར་རྩ་དོན་ཆེན་པོ་འགའ་ཞིག་མཐའ་འཁྱོངས་བྱེད་དགོས། གཅིག་ནི་འཆམ་མཐུན་རྩ་བར་འཛིན་དགོས་ཤིང་། འགལ་ཟླ་མི་ཡོང་བ་དང་འགྲན་རྒོལ་མི་བྱེད་པའི་མཐའ་ཚད་བརྟན་པོ་བསྲུངས་ཏེ། ཀྲུང་ཨའི་འབྲེལ་བར་དྲང་ཕྱོགས་ཀྱི་སྔོན་དཔག་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། གཉིས་ནི་བརྟན་ལྷིང་གཙོ་བོར་འཛིན་དགོས་ཤིང་། ཁག་པོ་མི་བཟོ་བ་དང་། རྩོད་གཞི་མི་སློང་བ། མཚམས་ལས་མི་བརྒལ་བ་བཅས་བྱས་ནས་ཀྲུང་ཨའི་འབྲེལ་བ་སྤྱིའི་ཆ་ནས་བརྟན་པོ་རྒྱུན་འཁྱོངས་བྱེད་དགོས།
(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) གསུམ་ནས་ཡིད་རྟོན་རྩ་བར་འཛིན་དགོས་ཤིང་། བྱ་སྤྱོད་ཐོག་ནས་རང་སོ་སོའི་ཁས་ལེན་ཁ་བཤད་ལག་བསྟར་བྱས་ཏེ“ཅིའུ་ཅིན་ཧྲན་གྱི་ཕུགས་འདུན”དེ“དངོས་ལྗོངས”ལ་སྒྱུར་དགོས། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་བྱེད་པའི་བྱ་ཐབས་ཐོག་ནས་སྐད་ཆ་ཤོད་རེས་བྱེད་མང་དུ་གཏོང་བ་དང་། གཟབ་ནན་གྱི་རྣམ་འགྱུར་ཐོག་ནས་འགལ་ཟླ་དོ་དམ་ཚོད་འཛིན་བྱེད་པ། གཉིས་ཕན་གྱི་སྙིང་སྟོབས་ཐོག་ནས་མཉམ་ལས་ལ་སྐུལ་འདེད་གཏོང་བ། འགན་འཁྲི་འཁུར་སེམས་ཐོག་ནས་རྒྱལ་སྤྱིའི་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཐའེ་དབན་གྱི་གནད་དོན་ནི་ཀྲུང་ཨའི་འབྲེལ་བའི་ཁྲོད་ཀྱི་བརྒལ་མི་ཆོག་པའི་དམར་ཐིག་དང་པོ་དེ་ཡིན། “ཐའེ་དབན་རང་བཙན”ཕྱོགས་གཏོགས་ཀྱི་ཁ་ཕྲལ་བྱེད་སྤྱོད་དང་རྒྱ་ཡན་དུ་འགྲོ་བར་ཕྱི་ཕྱོགས་ཀྱི་རྒྱབ་སྐྱོར་བྱེད་རིགས་ང་ཚོས་རང་དགར་འཇོག་མི་སྲིད། ཨ་རི་ཕྱོགས་ཀྱིས“ཐའེ་དབན་རང་བཙན”ལ་རྒྱབ་སྐྱོར་མི་བྱེད་པའི་སྐུ་ཞབས་ཙུང་ཐུང་གི་དགེ་མཚན་ལྡན་པའི་རྣམ་འགྱུར་བྱ་སྤྱོད་ཐོག་དོན་འཁྱོལ་བྱེད་པའི་རེ་བ་ཡོད། ཨ་རིས་ཀྲུང་གོའི་དཔལ་འབྱོར་ཚོང་དོན་དང་ཚན་རྩལ་ལ་དམིགས་པའི་བཙན་གནོན་བྱ་ཐབས་འཛད་མེད་རིམ་བྱུང་ཡིན་ཞིང་། ཀྲུང་གོའི་ཁེ་ལས་ལ་བཀག་སྡོམ་བྱེད་པའི་མིང་ཐོ་ཡང་ཇེ་མང་དུ་འགྲོ་བཞིན་ཡོད། འདི་ནི“ཉེན་ཁ་སེལ་བ”མ་ཡིན་པར་ཉེན་ཁ་བཟོ་བ་ཞིག་རེད། གལ་ཏེ་ཨ་རི་ཕྱོགས་ཀྱིས་གཉིས་ཕན་མཉམ་ལས་བྱས་ནས་ཀྲུང་གོའི་འཕེལ་རྒྱས་ཀྱི་ཁེ་སྤོགས་མཉམ་སྤྱོད་བྱེད་འདོད་ཚེ་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་དགའ་བསུ་ཞུ་ངེས་ཡིན། གལ་ཏེ་ཨ་རི་ཕྱོགས་ཀྱིས་ཀྲུང་གོའི་ཚན་རྩལ་མཐོ་བའི་འཕེལ་རྒྱས་ལ་རང་འདོད་མཁྲེགས་བཟུང་གིས་བཙན་གནོན་བྱས་ནས་ཀྲུང་གོའི་ལུགས་མཐུན་གྱི་འཕེལ་རྒྱས་དབང་ཆ་མེད་པར་བཟོས་ཚེ་ང་ཚོས་ཀྱང་བྱ་ཐབས་ནན་པོ་སྤྱོད་ངེས་ཡིན།
ཞི་ཅིན་ཕིང་གིས་ཤང་ཀང་དང་། འགྲོ་བ་མིའི་ཐོབ་ཐང་། ལྷོ་རྒྱ་མཚོ་སོགས་དང་འབྲེལ་བའི་གནད་དོན་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་རྒྱས་བཤད་གནང་བ་རེད།
པའེ་ཀྲེན་གྱིས་བརྗོད་དོན། ཨ་ཀྲུང་འབྲེལ་བ་ནི་འཛམ་གླིང་ཐོག་ཤུགས་རྐྱེན་ཟབ་ཤོས་ལྡན་པའི་ཕྱོགས་གཉིས་པོའི་འབྲེལ་བ་ཞིག་རེད། ཅིའུ་ཅིན་ཧྲན་དུ་ཞལ་འཛོམས་བྱས་ཚུན་ཨ་ཀྲུང་འབྲེལ་བར་ཐོབ་པའི་འཕེལ་རིམ་ཐོག་ནས་ཕྱོགས་གཉིས་པོས་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་ཆོག་པ་དང་ཆབས་ཅིག མི་མཐུན་པའི་ཆར་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་དོ་དམ་བྱེད་དགོས་པ་མཚོན་ཡོད། ཨ་རི་ཕྱོགས་ཀྱིས“འཇམ་འཐབ་གསར་པ”རྒྱག་འདོད་མི་བྱེད་པ་དང་། ཀྲུང་གོའི་སྒྲིག་སྲོལ་ལ་འགྱུར་ལྡོག་གཏོང་འདོད་མི་བྱེད་པ། མནའ་མཐུན་འབྲེལ་བ་ཟབ་ཏུ་བཏང་ནས་ཀྲུང་གོར་ངོ་རྒོལ་བྱེད་འདོད་མི་བྱེད་པ། “ཐའེ་དབན་རང་བཙན”ལ་རྒྱབ་སྐྱོར་མི་བྱེད་པ་བཅས་བྱས་ཏེ་རྐང་བཙུགས་ནས་ཀྲུང་གོ་དང་གདོང་ཐུག་ཡོང་ཐབས་བྱེད་ཀྱི་མེད་ཅེས་ངས་བསྐྱར་བསྒྲགས་བྱེད་ཀྱི་ཡིན། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་བསྟར་གྱི་ཡོད། ཀྲུང་གོའི་འཕེལ་རྒྱས་ལས་འཛམ་གླིང་ལ་ཕན་པ་ཡོད་པས་ཨ་རིས་ཀྲུང་གོའི་འཕེལ་རྒྱས་ལ་བཀག་སྡོམ་བྱེད་ཀྱི་མེད་ལ། ཀྲུང་གོ་དང་འབྲེལ་ཐག་གཅོད་ཐབས་ཀྱང་བྱེད་ཀྱི་མེད། ནོར་སྲིད་པུའུ་ཀྲང་ཡེ་ལུན་དང་རྒྱལ་དོན་བློན་ཆེན་པུའུ་ལིན་ཁེན་ཉེ་ཆར་ཀྲུང་གོར་འཚམས་འདྲིར་མངགས་ནས། ཀྲུང་གོ་ཕྱོགས་དང་མཉམ་དུ་སྐད་ཆ་ཤོད་རེས་དང་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་བཏང་སྟེ་གོ་འཛོལ་མི་ཐེབས་པ་དང་། མཉམ་ལས་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་བརྟན་པོ་ཡོང་བར་སྐུལ་འདེད་བཏང་ནས། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་པ་བཅས་བྱེད་འདོད་ཡོད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ད་དུང་ཡུག་རེན་གྱི་ཉམས་ཉེན་དང་ཁྲའོ་ཞན་ཕྱེད་གླིང་གི་དུས་བབ་སོགས་ཀྱི་ཐད་དགོངས་འཆར་བརྗེ་རེས་གནང་བ་རེད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ད་ཐེངས་ཞལ་པར་ཐོག་ནས་གླེང་མོལ་གནང་བ་དེ་ལྷག་བསམ་ཟོལ་མེད་དང་དགེ་མཚན་ལྡན་པ་ཞིག་ཡིན་པའི་ངོས་འཛིན་གནང་བ་དང་། ཕྱོགས་གཉིས་པོས་མུ་མཐུད་འབྲེལ་གཏུག་རྒྱུན་འཁྱོངས་བྱས་ནས་ཕྱོགས་གཉིས་པོའི་ལས་དོན་ཚོགས་པར“ཅིའུ་ཅིན་ཧྲན་གྱི་ཕུགས་འདུན”དོན་འཁྱོལ་ཡག་པོ་བྱེད་དགོས་པའི་འགན་དཀྲིས་ཏེ་ཕྱི་འབྲེལ་དང་། དཔལ་འབྱོར། དངུལ་རྩ། ཚོང་དོན་སོགས་ཁྱབ་ཁོངས་ཀྱི་གྲོས་མོལ་ལམ་སྲོལ་དང་དེ་བཞིན་དམག་དཔུང་གཉིས་དབར་གྱི་འབྲེལ་གཏུག་ལ་སྐུལ་འདེད་གཏོང་བ་དང་། དུག་འགོག་དང་། མི་ཐབས་རིག་ནུས། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་སོགས་ཀྱི་ཁྱབ་ཁོངས་སུ་སྐད་ཆ་ཤོད་རེས་དང་མཉམ་ལས་བྱེད་པ། བྱ་ཐབས་སྔར་བས་སྤྱད་དེ་རྒྱལ་ཁབ་གཉིས་པོའི་མི་ཆོས་རིག་གནས་སྤེལ་རེས་བྱེད་རྒྱ་ཆེ་རུ་གཏོང་བ། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་སྐོར་ལ་མོས་མཐུན་གནང་བ་རེད། ཀྲུང་གོ་ཕྱོགས་ཀྱིས་ནོར་སྲིད་པུའུ་ཀྲང་ཡེ་ལུན་དང་རྒྱལ་དོན་བློན་ཆེན་པུའུ་ལིན་ཁེན་ཉེ་ཆར་ཀྲུང་གོར་འཚམས་འདྲིར་ཡོང་བར་དགའ་བསུ་ཞུས་པ་རེད།
(པ་ཚེ་དང་ཚེ་རིང་བུ་ཁྲིད་ཀྱིས་སྒྱུར་ཞུས་བྱས)