《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年04月03日

སྙིགས་རོ་མེད་པའི་གྲོང་ཁྱེར་གཏོད། མཛེས་སྡུག་ལྡན་པའི་མ་འོངས་བསུས།

—— རང་ལྗོངས་ཀྱིས“སྙིགས་རོ་མེད་པའི་གྲོང་ཁྱེར”འཛུགས་གཏོད་ལ་སྐུལ་འདེད་བཏང་བའི་སྐོར་གྱི་སྒྲིལ་གླེང་།

བོད་ལ“འཛམ་གླིང་ཐོག་གི་དག་ཞིང་མཐའ་མ”ཞེས་ཟེར་དོན་ནི་དེ་གར་གདོད་མའི་རང་བྱུང་དང་། མཛེས་སྡུག་ལྡན་པའི་སྐྱེ་ཁམས། དྭངས་ཤིང་གཙང་བའི་ཁོར་ཡུག་བཅས་ཡོད་པ་མ་ཟད། སྙིགས་རོ་ཐོན་ཉུང་ཤོས་ཡིན་པས་རེད། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དང་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ《“སྙིགས་རོ་མེད་པའི་གྲོང་ཁྱེར”འཛུགས་གཏོད་ཀྱི་ཚོད་ལྟའི་ལས་དོན་ཇུས་གཞི》ལག་བསྟར་གཏིང་ཟབ་བྱེད་པ་དང་། ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་བཟོ་ལས་ཀྱི་སྙིགས་རོ་དང་། ཉེན་ཡོད་ཟོག་རོ། འཚོ་བའི་གད་སྙིགས། ཨར་སྐྲུན་གད་སྙིགས། ཞིང་ལས་ཟོག་རོ་སོགས་ཀྱིས་གཙོས་པའི་སྙིགས་རོ་འབྱུང་རྩ་ནས་ཉུང་དུ་གཏོང་བ་དང་ཐོན་ཁུངས་ཅན་བེད་སྤྱོད་དང་བདེ་འཇགས་ཐག་གཅོད་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

འཆར་འགོད་ཞིབ་ཚགས་དང་སྤྱི་འདོམས་ཀྱིས་སྐུལ་འདེད་བཏང་ནས“སྙིགས་རོ་མེད་པའི་གྲོང་ཁྱེར”འཛུགས་གཏོད་ལས་དོན་ཏན་ཏིག་སྤེལ་བ།

2022ལོའི་ཟླ་4པར། ལྷ་ས་གྲོང་ཁྱེར་དང་། ལྷོ་ཁ་གྲོང་ཁྱེར། གཞིས་རྩེ་གྲོང་ཁྱེར་བཅས་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང“སྙིགས་རོ་མེད་པའི་གྲོང་ཁྱེར”གཏོད་པའི་མིང་ཐོའི་ནང་ཚུད་རྗེས་རང་ལྗོངས་ཀྱིས་དུས་ཐོག་ཏུ《བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང“སྙིགས་རོ་མེད་པའི་གྲོང་ཁྱེར”འཛུགས་གཏོད་ལས་དོན་གྱི་ཇུས་གཞི》བཀྲམ་ནས“སྙིགས་རོ་མེད་པའི་གྲོང་ཁྱེར”འཛུགས་གཏོད་ཀྱི་རིགས་ཆེ་གྲས་5ཡི་ཞིབ་ཕྲའི་ལས་འགན་ཁག་16ཁ་གསལ་བཏོན་པ་དང་། ལྗོངས་ཡོངས་ཀྱི“སྙིགས་རོ་མེད་པའི་གྲོང་ཁྱེར”འཛུགས་གཏོད་ལས་དོན་ལ་སྤྱི་འདོམས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་ཆེད། བདམས་ཐོན་བྱུང་བའི་གྲོང་ཁྱེར་གྱི་སྲིད་གཞུང་3དང་དེ་བཞིན་ལྗོངས(ཀྲུང་དབྱང)ཐད་གཏོགས་སྡེ་ཚན་དང་ཚན་པ་20ལས་གྲུབ་པའི་མཉམ་འབྲེལ་ཚོགས་འདུའི་ལམ་ལུགས་བཙུགས་ནས། རང་སྐྱོང་ལྗོངས་ཀྱི“སྙིགས་རོ་མེད་པའི་གྲོང་ཁྱེར”འཛུཌ་གཏོད་ལས་དོན་ལ་སྐུལ་འདེད་ཤུཌ་ཆེན་བཏང་ཡོད།

དེ་དང་ཆབས་ཅིག འབྲེལ་ཡོད་ཁྱབ་ཁོངས་ཀྱི་མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བར་མུ་མཐུད་ཤུགས་བརྒྱབ་ཅིང་། 2023ལོར། ལྗོངས་ནོར་སྲིད་ཐིང་གིས་རིགས་ཁག་གི་མ་དངུལ་སྒོར་ཁྲི་6500ལྷག་ཙམ་སྤྱི་འདོམས་བཀོད་སྒྲིག་བྱས་ནས“སྙིགས་རོ་མེད་པའི་གྲོང་ཁྱེར”འཛུགས་གཏོད་ཀྱི་འབྲེལ་ཡོད་ལས་དོན་ལ་རྒྱབ་སྐྱོར་བྱས་པ་དང་། ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱིས་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་2.43དོན་འཁྱོལ་བྱས་ནས་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་དང་ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་སོགས་གྲོང་ཁྱེར་དང་གྲོང་རྡལ་7ལ་འཚོ་བའི་བཙོག་ཆུ་གཙང་གསིང་དང་གད་སྙིགས་གཙང་སེལ་སྒྲིག་ཆས་འཛུགས་སྐྲུན་བྱས་པ་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཆེད་སྤྱོད་ཁ་གསབ་མ་དངུལ་སྒོར་ཁྲི་4000གཤམ་སྤྲོད་བྱས་ནས་ལྷ་ས་གྲོང་ཁྱེར་དང་། གཞིས་རྩེ་གྲོང་ཁྱེར། ལྷོ་ཁ་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར་བཅས་ཀྱི་འཚོ་བའི་གད་སྙིགས་རིགས་དབྱེ་སྒྲིག་བཀོད་འཛུགས་སྐྲུན་ཐད་སྤྱད་པ་རེད།

གཙོ་གནད་ལ་དམིགས་པ་དང་མཉམ་ཤུགས་ཆགས་པར་བྱས་ནས་སྙིགས་རོ་ཕྱོགས་བསྡུས་བཅོས་སྒྲིག་བྱེད་ཤུགས་ཕྱོགས་ཡོངས་ནས་ཆེ་རུ་བཏང་བ།

“སྙིགས་རོ་མེད་པའི་གྲོང་ཁྱེར”འཛུགས་གཏོད་ལ་སྐུལ་འདེད་གཏོང་རིང་། ས་ཁུལ་དང་གྲོང་ཁྱེར་ཁག་དང་སྡེ་ཚན་ཁག་གིས་འགན་འཁྲིའི་གསལ་ཐོ་གསལ་པོ་བཟོས་པ་དང་། གཙོ་གནད་ལས་དོན་ཞིབ་ཚགས་བཟོས་པ། མཉམ་སྒྲུབ་སྐུལ་འདེད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། གོང་འོག་མཉམ་འགུལ་དང་། སྡེ་ཚན་མཐུན་སྦྱོར། མཉམ་འཛིན་སྤྱི་སྒྲུབ་བཅས་ཀྱི་ལས་ཀའི་རྣམ་པ་ཆགས་པར་བྱས་ཡོད།

— ལྗང་མདོག་བཟོ་སྐྲུན་མ་ལག་བཙུགས་ནས་ལྗང་མདོག་གཏེར་རི་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ཞིང་། ལྗང་མདོག་བཟོ་གྲྭ་དང་ལྗང་མདོག་འཛུགས་སྐྲུན་རྒྱུ་ཆ་ཐོན་སྐྱེད་བྱེད་མཁན་རྐང་འཛིན་ཁེ་ལས་ཀྱི་ངོས་གཏན་འཁེལ་བའི་ལས་དོན་ལ་སྐུལ་འདེད་བཏང་ནས་2023ལོར་ཁེ་ལས་5རང་སྐྱོང་ལྗོངས་རིམ་པའི་ལྗང་མདོག་བཟོ་གྲྭར་ངོས་འཛིན་གཏན་འཁེལ་བྱས་པ་དང་། བོད་ཀྱི་དོན་དངོས་དང་མཐུན་པའི་ལྗང་མདོག་གཏེར་རིའི་འཛུགས་སྐྲུན་ཚད་གཞི་དང་དེ་བཞིན་གདེང་འཇོག་དམིགས་ཚད་བཟོས་ནས་བཀྲམ་སྟེ་གཏེར་རི་མི་འདྲ་བའི་ལྗང་མདོག་འཛུགས་སྐྲུན་ལ་མཛུབ་ཁྲིད་གནད་སྨིན་བྱས་པ། ལྕགས་རིགས་གཏེར་ཁའི་ཡོངས་ཁྱབ་ཞིབ་བཤེར་རྣམ་གྲངས་2སྒྲིག་འཛུགས་བྱས་ཏེ་ལྗང་མདོག་རྩད་ཞིབ་དཔེ་སྟོན་གྱི་ཚོད་ལྟའི་ལས་དོན་སྤེལ་ནས་ས་གཤིས་རྩད་ཞིབ་ལས་དོན་གྱིས་ཁོར་ཡུག་ལ་གཏོར་སྐྱོན་ཕོག་ཆུང་དུ་གཏོང་གང་ཐུབ་བྱས་ཡོད།

— ཞིང(འབྲོག)ལས་རིགས་ཀྱི་ལྗང་མདོག་ཐོན་སྐྱེད་ལ་སྐུལ་འདེད་བཏང་ནས་ཞིང་ལས་ཀྱི་སྙིགས་རོ་ཕྱོགས་བསྡུས་བེད་སྤྱོད་ལ་སྐུལ་འདེད་བཏང་ཞིང་། 《2023ལོའི་ཞིང་ལས་སྐྱེ་དངོས་ཀྱི་སོག་མ་ཕྱོགས་བསྡུས་བེད་སྤྱོད་ཀྱི་ལས་ཀའི་ཇུས་གཞི》སོགས་ཀྱི་ཡིག་ཆ་བཀྲམ་སྟེ། རྫོང(ཆུས)ཁག་ཏུ་ཞིང་ལས་སྐྱེ་དངོས་ཀྱི་སོག་མ་གཟན་ཆགས་སུ་བསྒྱུར་བ་དང་། རྫས་ལུད་དུ་བསྒྱུར་བ། འདེབས་གསོ་ཟུང་འབྲེལ་བཅས་ཀྱི་ལག་རྩལ་ལ་སྐུལ་འདེད་བཏང་ནས་ལྗང་མདོག་འཁོར་རྒྱུག་གི་ཞིང་ལས་འཕེལ་རྒྱས་བཏང་ཡོད།

འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལྟ་འདོམས་ལ་སྣང་ཆེན་བྱས་ནས་སྙིགས་རོའི་ཕྱོགས་བསྡུས་དོ་དམ་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་བ།

“སྙིགས་རོ་མེད་པའི་གྲོང་ཁྱེར”འཛུགས་གཏོད་རིང་འབྲེལ་ཡོད་སྡེ་ཚན་ཁག་གིས་འགན་འཁྲི་ཁ་གསལ་དང་ལས་བགོས་ཞིབ་ཕྲ་བྱེད་པ་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་མ་དངུལ་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་བ་མ་ཟད། ལག་རྩལ་འགན་ལེན་དང་ཕྱོགས་བསྡུས་ལྟ་འདོམས་སོགས་ཐད་ལའང་ཤུགས་སྣོན་བརྒྱབ་ནས་སྙིགས་རོའི་ཕྱོགས་བསྡུས་དོ་དམ་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད།

“སྙེགས་རོ་མེད་པའི་གྲོང་ཁྱེར”འཛུགས་གཏོད་ཀྱི་ལག་རྩལ་མ་ལག་འཛུགས་པའི་ཐད། 《རྒྱལ་ཁབ་ཀྱི་བཟོ་ལས་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་ཀྱི་སྔོན་ཐོན་དང་སྤྱོད་གོ་ཆོད་པའི་བཟོ་རྩལ་དང་ལག་རྩལ་སྒྲིག་ཆས་ཀྱི་དཀར་ཆག(2023ལོའི་པར་གཞི)》དཔྱད་གཞིར་བྱས་ནས་བཟོ་ལས་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་ཀྱི་སྔོན་ཐོན་དང་སྤྱོད་གོ་ཆོད་པའི་ལག་རྩལ་སྒྲིག་ཆས་ཁྱབ་གདལ་དང་བེད་སྤྱོད་མགྱོགས་སུ་བཏང་སྟེ། སྲོལ་རྒྱུན་གྱི་གཏེར་རིའི་ཁེ་ལས་ཀྱིས་སྔོན་ཐོན་གྱི་ལག་རྩལ་དང་། སྒྲིག་ཆས། ཚན་རིག་དང་མཐུན་པའི་ཐོན་སྐྱེད་དོ་དམ་བྱེད་ཐབས་སྤྱོད་པར་ལྕག་སྐུལ་དང་། ཁྲིད་སྟོན། རྒྱབ་སྐྱོར་བཅས་བྱས་ནས་གཏེར་ལས་ཀྱི་ལྗང་མདོག་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་ཡོད།

“སྙིགས་རོ་མེད་པའི་གྲོང་ཁྱེར”འཛུགས་གཏོད་ཀྱི་ལྟ་འདོམས་མ་ལག་ལ་ཤུགས་སྣོན་རྒྱག་པའི་ཐད། 2023ལོར་རང་ལྗོངས་ཀྱིས“ཚད་གཞི་དང་མི་མཐུན་པའི་འགྱིག་ཤོག‘ཉིན་བརྒྱའི་འགག་སྒྲོལ’”དང་། “ཐུམ་སྒྲིལ་ཚད་ལས་བརྒལ་བ་བཅོས་སྒྲིག” “ཐེངས་གཅིག་རང་བཞིན་གྱི་འགྱིག་རྫས་བྲིན་ཚོང་བྱེད་མཁན་ཁེ་ལས་ལ་མཐིལ་རྟོགས་བྱེད་པ” “ལྕགས་རོར་སོང་བའི་འཕྲུལ་སྒུལ་འཁོར་རིགས་ཁྲིམས་འགལ་ངང་བཤིག་པ”སོགས་མཉམ་འབྲེལ་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་མང་པོ་ཞིག་སྒྲིག་འཛུགས་བྱས་པ་དང་ཁྲིམས་འཛིན་ཞིབ་བཤེར་གྱི་ཡིག་ཆ་མང་པོ་ཞིག་བཟོས་ཏེ་སྙིགས་རོའི་སྦགས་བཙོག་འགོག་བཅོས་ཁྱབ་ཁོངས་ཀྱི་ཁྲིམས་སྒྱུར་ཞིབ་བཤེར་ལས་དོན་ཚད་ལྡན་དུ་བཏང་ཡོད།