འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། ལྗོངས་ཡོངས་སུ་2024ལོར་ཁྱོན་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཁག་187བཀོད་སྒྲིག་བྱས་པར་མ་དངུལ་སྒོར་དུང་ཕྱུར་1618གཏོང་རྩིས་ཡོད་ཅིང་། དེའི་ཁྲོད་དུས་ཚིགས་དང་པོར་ཁྱོན་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཁག་159བཀོད་སྒྲིག་བྱས་པར་མ་དངུལ་སྒོར་དུང་ཕྱུར་211.8གཏོང་རྩིས་ཡོད་པ་དང་། ཟླ་དང་པོ་ནས་ཟླ་གཉིས་པའི་བར་ལས་འགོ་ཚུགས་པ་དང་ལས་འགོ་བསྐྱར་ཚུགས་བྱེད་ཚད་66.9%ཟིན་པ། མ་དངུལ་སྒོར་དུང་ཕྱུར་124.9བཏང་བ་དེས་དུས་ཚིགས་དང་པོའི་འཆར་གཞིའི་58.9%ཟིན་ནས། དུས་ཚིགས་དང་པོར་ལས་འགོ་ཚུགས་མ་ཐག་གྲུབ་འབྲས་ཡག་པོ་ཐོབ་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།
(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)
ཤེས་རྟོགས་བྱུང་བར་གཞིགས་ན། ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ལྗོངས་ཏང་ཨུད་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དང་དོན་འཁྱོལ་བྱས་ནས། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་ལོ་འཁོར་མོའི་མ་འཇོག་ལས་འགན་ལེགས་སྒྲུབ་ཡོང་བར་འགན་ལེན་བྱ་ཆེད། རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱིས《2024ལོའི་ལྗོངས་ཡོངས་ཀྱི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཀྱི་འཆར་གཞི》པར་འགྲེམས་བྱས་ནས། ལྗོངས་ཡོངས་ཀྱི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ལ“ཟླ་རེ་ལ་བཀོད་གཏོང་རེ་དང་། དུས་ཚིགས་རེ་ལ་གྲངས་བཤེར་རེ། ལོ་ཕྱེད་ལ་དབྱེ་ཞིབ་རེ། ལོ་མཇུག་ལ་ཕྱོགས་སྡོམ་རེའི”བཅས་ཀྱི་ལས་ཀའི་ལམ་སྲོལ་གཞིར་བཟུང་བཀོད་གཏོང་བྱས་པ་དང་། ས་གནས་ཁག་དང་སྡེ་ཚན་ཁག་གིས་སྔར་བས་འགན་འཁྲི་ཁ་གསལ་དང་བྱེད་ཐབས་ཞིབ་ཕྲ་བཟོས་ནས་གཙོ་གནད་རྣམ་གྲངས་ཀྱི་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་། བརྟན་པོ། སྐྱོན་བྲལ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་བར་རྨང་གཞི་བརྟན་པོ་བཏིང་ཡོད།
(ཟླ་ཕུར་གྱིས་བསྒྱུར། སྤེན་ཚེས་ཞུས)