《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年04月03日

“བོད་ཤར་རྒྱུད་ཀྱི་མུ་ཏིག”བཀྲག་མདངས་རབ་ཏུ་འཚེར།

—— བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་རིང་གི་ཆབ་མདོའི་འཕེལ་རྒྱས་སྐོར་བཀོད་པ།

ལོ་65ཡི་གོང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་གཏོར་དུ་གཏོང་བའི་དམངས་གཙོའི་བཅོས་སྒྱུར་བོད་ལ་ཚ་ཚ་འུར་འུར་ངང་བྱས་ནས་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ཡོད། དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་དུས་རབས་གསར་པ་ཕྱེ་བའི་འཕོ་འགྱུར་རླབས་པོ་ཆེ་ཞིག་རེད།

ལོ་65ཡི་རིང་། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཆབ་མདོའི་བྱ་གཞག་ཁག་ལ་གྲུབ་འབྲས་རླབས་པོ་ཆེ་ཐོབ་ཅིང་། དེ་སྔའི་སྒེར་སྡེམ་སློབ་གསོའི་དབང་ཆ་ད་ཆ་ཁྱིམ་ཚང་ཕལ་པར་ཁྱབ་པ་དང་། དེ་སྔའི་ཞིང་བྲན་དང་ཁོང་ཚོའི་རྗེས་རབས་པ་དག་བོད་ཀྱི་ལས་རིགས་ཁག་གི་འཇོན་ཐང་ཅན་དུ་གྱུར་པ། དེ་སྔའི་རང་བྱུང་འཕྲང་འགག་ད་ཆ་བདེ་བགྲོད་ལམ་བུར་གྱུར་པ་སོགས་ཀྱི་འཕོ་འགྱུར་ཆེན་པོ་བྱུང་ཡོད།

“1997ལོའི་ཟླ་3ཚེས་28ཉིན། ང་རང་ཁྲེང་ཏུའུ་ནས་ཆབ་མདོ་རི་བོ་ཆེ་རྫོང་ལ་སྐྱོད་པའི་འགྲུལ་སྐྱེལ་རླངས་འཁོར་ཞིག་ལ་བསྡད་པ་ཡིན། དེ་དུས་ལམ་ལ་ཀོང་ཀོང་མང་བས་རླངས་འཁོར་ལ་ཡམ་ཡོམ་ཆེན་པོ་བཟོ་གི་ཡོད། རླངས་འཁོར་འགྲོ་གིན་བཟོ་གིན་བྱས་ཏེ་ཉིན་11རྗེས་གཞི་ནས་རི་བོ་ཆེ་རྫོང་ལ་སླེབས་སོང”ཞེས་ཆབ་མདོ་གྲོང་ཁྱེར་གྱི་སྲིད་གྲོས་ཨུ་ཡོན་ལའེ་ཆན་ཡེའུ་ཡིས་བག་ཆགས་ཟབ་མོས་ཐོག་མར་བོད་ལ་སྐྱོད་སྐབས་ཀྱི་གནས་ཚུལ་ཕྱིར་དྲན་བྱེད་བཞིན་དུ་བཤད།

ལའེ་ཆན་ཡེའུ་ཡིས། ལོ་འདི་དག་རིང་། ཆབ་མདོ་གྲོང་ཁྱེར་གྱིས་དམངས་འཚོ་ལེགས་སུ་གཏོང་བ་དང་མི་སེམས་གཅིག་ཏུ་བསྒྲིལ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ཏེ།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད། ད་ཆ་རང་བྱུང་འཕྲང་འགག་བདེ་ལམ་དུ་གྱུར་ནས་གང་སར་སྣུམ་ནག་ལམ་བཏིང་ཡོད། “ད་ཆ་རླངས་འཁོར་བཏང་ནས་ཁྲེང་ཏུའུ་ལ་ཕྱིན་ན་ཆུ་ཚོད་20ལྷག་ཙམ་ནང་འབྱོར་གྱི་ཡོད། གནམ་གྲུར་བསྡད་ཚེ་ཆུ་ཚོད་1ལྷག་ཙམ་ལས་འགོར་གྱི་མེད། གཞུང་ལམ་འགྲིམ་འགྲུལ་དང་འཚོ་བའི་ཆ་རྐྱེན་གང་ས་ཅི་ཐད་ནས་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བས།‘དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་ལྟ་བུའི’ངོ་མཚར་བཏོད་ཡོད་ཅེས་བརྗོད་ཆོག་ཅེས་བཤད།

གྲངས་གཞི་ལས་མངོན་པར། 2023ལོའི་ལོ་མཇུག་བར། ཆབ་མདོ་གྲོང་ཁྱེར་དུ་གཞུང་ལམ་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཚད་སྤྱི་ལེ་20153.522ཟིན་པའི་ཁྲོད། རྒྱལ་ལམ་སྤྱི་ལེ་2248.949དང་ཞིང་ཆེན་ལམ་སྤྱི་ལེ་2378.556 གྲོང་གསེབ་གཞུང་ལམ་སྤྱི་ལེ་15526.017བཅས་རེད།

དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65སོང་རིང་། ཆབ་མདོའི་འགྲིམ་འགྲུལ་བྱ་གཞག་ལ་རྒྱུན་ཆད་མེད་པར་འཕེལ་རྒྱས་བྱུང་བ་དང་སྦྲགས་གློག་ཤུགས་དང་། ནུས་རྒྱུ། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཡང་མེད་པ་ནས་ཡོད་པ་དང་། ཉིན་བཞིན་འཐུས་སྒོ་ཚང་དུ་སོང་ནས་མི་རིགས་ཁག་གི་མི་དམངས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།

“གློག་ཤུགས་མཁའ་ལམ”འཕེལ་རྒྱས་སྐོར་གླེང་སྐབས། རྒྱལ་ཁབ་གློག་དྲ་ཆབ་མདོ་གློག་གཏོང་ཀུང་སིའི་འཕེལ་རྒྱས་འཛུགས་སྐྲུན་པུའི་རྣམ་གྲངས་ཅིང་ལི་སྐལ་བཟང་ནོར་བུར་མྱོང་ཚོར་ཟབ་མོ་བྱུང་ཞིང་། ཁོང་གིས“དགུན་ཁར་གངས་ཆེན་པོ་བབས་ནས་གཞུང་ལམ་འཁྱགས་པ་ཐེབས་ཏེ་ལས་གྲྭའི་འཕྲུལ་འཁོར་མང་པོ་བེད་སྤྱོད་བྱེད་ཐབས་བྲལ། འཁྱགས་པ་ཐེབས་པའི་ལམ་ངོས་སུ་ཐེངས་མང་བསྐྱོད་པ་དང་། ཆར་པ་བབས་པའི་འདམ་རྫབ་ནང་ཐེངས་མང་བགྲོད་པ། མཐོ་འཛེགས་ལས་སྒྲུབ་ཀྱི་ཉེན་ཁར་མ་འཛེམས་པ་བཅས་བྱས་མཐར་ཆུས་གཅིག་དང་རྫོང་བཅུའི་ལས་གྲྭ་འཛུགས་སྐྲུན་གྱི་ལས་འགན་བདེ་བླག་ངང་ལེགས་གྲུབ་ཐུབ་ནས་མི་ཁྲི་27.45ཙམ་གྱི་གློག་སྤྱོད་པའི་གནད་དོན་ཐག་གཅོད་དང་ལེགས་སུ་བཏང་ཡོད”ཅེས་བཤད།

གློག་བཟོ་བས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད། མང་ཚོགས་ཀྱིས་གློག་དྲ་ཆེན་པོ་སྤྱོད་རྒྱུ་བྱུང་ལ་གློག་ཆས་སྣ་ཚོགས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་སྟེ་ཐོན་སྐྱེད་དང་འཚོ་བའི་མཐུན་རྐྱེན་ཆེས་ཆེར་ལེགས་སུ་ཕྱིན་ཡོད། “ཁྱིམ་ཚང་ཁྲི་སྟོང་མང་པོར་གློག་བཞུ་སྤྱོད་རྒྱུ་བྱུང་བ་མཐོང་སྐབས། ང་ཚོའི་དཀའ་སྤྱད་དང་བློས་གཏོང་ཚང་མ་བྱེད་རིན་ཡོད་པ་ཚོར་བྱུང”ཞེས་སྐལ་བཟང་ནོར་བུས་བཤད་པ་དང་། ཁོང་གིས་རང་ཉིད་ཀྱི་ཚད་ཡོད་ཀྱི་ལང་ཚོ་དེ་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་མང་ཚོགས་ལ་ཞབས་འདེགས་དེ་བས་མང་བ་ཞུ་བར་འབུལ་གྱི་ཡིན་ཞེས་བཤད།

འགྲིམ་འགྲུལ་དང་གློག་ཤུགས་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་དང་སྦྲགས་ཆབ་མདོའི་མི་དམངས་ཀྱི་འཚོ་བ་དོན་པ་གཉེར་བའི་བསམ་པ་དེ་བས་ཆེ་རུ་ཕྱིན་ཡོད།

“ལོ་20ལྷག་ཙམ་ལས་ཀ་བྱེད་རིང་། ང་ལ་བོད་ཤར་རྒྱུད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་། ལྷག་པར་དུ་མང་ཚོགས་ཀྱི་ལྟ་བར་འགྱུར་ལྡོག་ཕྱིན་པའི་མྱོང་ཚོར་ཟབ་མོ་བྱུང”ཞེས་ཀྲུང་གོ་མི་དམངས་དངུལ་ཁང་ཆབ་མདོ་གྲོང་ཁྱེར་ཡན་ལག་དངུལ་ཁང་གི་ཧང་ཀྲང་གཞོན་པ་ཆིན་ལིང་གིས་བཤད་པ་དང་། ཁོང་གིས“2005ལོར་དཔའ་ཤོད་དུ་བརྟག་ཞིབ་བྱེད་སྐབས་མང་ཚོགས་ཀྱིས་དངུལ་བུན་གཡར་མི་ཕོད་པ་དང་གཡར་མི་འདོད་པའི་གནས་ཚུལ་འདུག གང་ལགས་ཤེ་ན། བོད་རྙིང་པར་སྐྱེད་ལྕིའི་བུ་ལོན་ནི་མངའ་བདག་ཆེན་པོ་གསུམ་གྱིས་མི་སེར་ལ་བཤུ་གཞོག་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་སྟབས། དེ་དུས་མི་སེར་དབུལ་པོ་རེ་འགས་འབྲུ་རིགས་གཡར་ནས་སྐྱིན་ཚབ་སྤྲོད་མི་ཐུབ་པར་མི་རབས་ནས་མི་རབས་བར་ཞིང་བྲན་དུ་གྱུར་པས་རེད། ཡིན་ནའང་ཏང་གི་དམངས་ཕན་སྲིད་ཇུས་ཁག་དོན་འཁྱོལ་བྱུང་བ་དང་བསྟུན་ནས་མང་ཚོགས་ཀྱི་ལྟ་བར་འགྱུར་ལྡོག་ཕྱིན་ཏེ་ད་ཆ་ང་ཚོ་གཤམ་སྐྱོད་བྱས་ནས་རྒྱ་ཆེའི་འབྲོག་པ་མང་ཚོགས་ལ་འབྲེལ་གཏུག་བྱེད་སྐབས། ཁོང་ཚོས་ཡིད་རྟོན་དངུལ་བུན་གྱི་དངུལ་འབོར་མང་དུ་བཏང་ནས་ཐོན་སྐྱེད་འཕེལ་རྒྱས་ཡོང་གང་ཐུབ་ལ་དོ་ཁུར་ཆེ་ཤོས་བྱེད་པ་ཤེས་རྟོགས་བྱུང”ཞེས་བཤད།

གཙང་གསུམ་ཆུ་འགོར་ཏང་དར་ལྷབ་ལྷུབ་གཡོ། གངས་ལྗོངས་ས་མཐོར་འཕེལ་རྒྱས་གོམ་སྟབས་བརྟན། ཏང་གི་དཔྱིད་རླུང་ལ་བརྟེན་ནས་བོད་ཤར་རྒྱུད་ཀྱི་བུ་ཕྲུག་ཚོས་ལག་གདང་སྦྲེལ་ཏེ་མདུན་སྐྱོད་ཀྱིས“བོད་ཤར་རྒྱུད་ཀྱི་མུ་ཏིག”བཀྲག་མདངས་རབ་ཏུ་འཚེར་བར་བྱས་ཡོད། (པ་སངས་ཚེ་རིང་དང་ཚེ་དབང་ལྷ་མོས་སྒྱུར་ཞུས་བྱས)