ང་ནི་རྭ་སྒྲེང་སྐུ་ཕྲེང་བདུན་པ་བསོད་ནམས་ཕུན་ཚོགས་ཡིན། བཀྲ་ཤིས་པའི་ཉིན་མོ་འདིར་གཏམ་བཤད་སྤེལ་རྒྱུ་བྱུང་བར་དངོས་གནས་གཟི་བརྗིད་ཡིན་བསམ་གྱི་འདུག དུས་རབས་གསར་པའི་ཆོས་ལུགས་ལས་རིགས་མི་སྣ་ཞིག་ཡིན་པའི་རང་ཉིད་ལ་ལོ་མང་རིང་གི་མཐོང་ཐོས་མྱོང་གསུམ་ལས་མྱོང་ཚོར་ཟབ་མོ་བྱུང་།
ལོ་65ཡི་གོང་གི་དེ་རིང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་དུ་ཟིལ་རླབས་དགུང་འཕྱུར་དང་ཤུགས་རྐྱེན་ཟབ་མོ་ལྡན་པའི་དམངས་གཙོའི་བཅོས་སྒྱུར་བྱས་ནས་གངས་ལྗོངས་ས་མཐོར་མུན་ནག་གི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་མེད་པར་བཟོས་ཏེ་ལོ་རྒྱུས་ཀྱི་དུས་རབས་གསར་པར་སླེབས་ཡོད། ད་ཆའི་བོད་དུ་ཆབ་སྲིད་བརྟན་ལྷིང་དང་། སྤྱི་ཚོགས་བརྟན་ལྷིང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། སྐྱེ་ཁམས་བཟང་བ། མཐའ་སྲུང་སྲ་བརྟན། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཡོད་པ་དང་མི་རིགས་ཁག་གི་མི་དམངས་ལ་སྔར་ན་མེད་པའི་སྐྱིད་སྣང་དང་། ཐོབ་སྣང་། བདེ་འཇགས་ཚོར་སྣང་བཅས་བྱུང་ཡོད། འདི་ལྟར་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་ནི་མཐར་གཏུགས་ནས་བརྗོད་ན་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགན་ལེན། མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་བཅས་ལས་བྱུང་བ་ཞིག་རེད།
ཀྲུང་གོ་གསར་པར་སྐྱེས་པ་དང་། དར་དམར་འོག་འཚར་ལོངས་བྱུང་བ། དུས་རབས་གསར་པར་འཚོ་སྡོད་བཅས་བྱེད་པའི་ཆོས་ལུགས་ལས་རིགས་ཀྱི་ན་གཞོན་མི་སྣ་ཞིག་ཡིན་པའི་ངས་བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཕྱིན་པ་དང་། དེང་རབས་དང་སྲོལ་རྒྱུན་དང་། དམངས་གཙོ་དང་ཁྲིམས་ལུགས། རང་དབང་དང་འདྲ་མཉམ་བཅས་ཕན་ཚུན་བརྒྱན་པའི་རྣམ་པ་ཞིག་མངོན་པ། ཆོས་དད་རང་མོས་དང་རྒྱུན་གཏན་གྱི་ཆོས་ལུགས་བྱེད་སྒོ་འགན་ལེན་ནུས་ལྡན་ཐུབ་པ། གྲྭ་བཙུན་གྱི་སྒོམ་སྒྲུབ་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཆེས་ཆེར་ཕྱིན་པ། སྨན་བཅོས་འགན་བཅོལ་དང་། རྒན་གསོ་འགན་བཅོལ། མ་མཐའི་འཚོ་བའི་འགན་ལེན། རིན་མི་དགོས་པའི་གཟུགས་པོ་བརྟག་དཔྱད་བཅས་ཕྱོགས་ཡོངས་ལ་ཁྱབ་ནས་མི་རྣམས་ཀྱི་འཛུམ་མདངས་དང་དགའ་སྤྲོའི་དགོད་སྒྲ་ནི་དར་རྒྱས་ཆེ་བའི་དུས་སྐབས་འདིར་བསྔགས་བརྗོད་ཡག་ཤོས་བྱས་པ་ཤིག་ཡིན་པ་མྱོང་ཚོར་ཟབ་མོ་བྱུང་།
བོད་ནི་གནའ་སྔ་མོ་ནས་བཟུང་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་རེད། བོད་ལྗོངས་ནི་ནམ་ཡང་ཀྲུང་གོའི་བོད་ལྗོངས་ཡིན་པ་དང་། བོད་ཀྱི་མི་རིགས་ཁག་ནི་དུས་ནམ་ཡང་ཀྲུང་ཧྭ་མི་རིགས་ཀྱི་གྲུབ་ཆ་ཞིག་ཡིན་པ་ལོ་རྒྱུས་ཀྱིས་རྩོད་ཐབས་བྲལ་བའི་སྒོ་ནས་དཔང་པོ་བྱས་ཡོད། ང་ཚོས་རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱས་ཏེ་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་ནས་ང་ཚོའི་རླབས་ཆེན་མེས་རྒྱལ་ཐུན་མོང་ཐོག་འཛུགས་སྐྲུན་བྱེད་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲས་སྤུངས་དགོན་དུ་གཟིགས་ཞིབ་གནང་སྐབས་ང་ཚོར་སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་དགོས་པའི་བཀའ་སློབ་གནང་བྱུང་། བཀའ་སློབ་དེ་དག་ངས་ཐོག་མཐའ་བར་གསུམ་དུ་སེམས་ལ་བརྟན་པོར་ངེས་ཡོད། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་དང་། རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་འགན་འཁྲི་སྒྲུབ་པ་ནི་ང་ཚོ་ཆོས་ལུགས་ལས་རིགས་མི་སྣ་ཚང་མའི་གཟི་བརྗིད་ཀྱི་ལས་འགན་རེད། ངས“འདུ་ཤེས་གསུམ”ཟམ་མི་ཆད་པར་ཟབ་ཏུ་བཏང་ནས་རྒྱལ་གཅེས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་དབར་དབྱེ་མཚམས་གསལ་པོ་མཐའ་གཅིག་ཏུ་ཕྱེ་ནས“ཆོས་ལུགས་ལས་རྒྱལ་ཁབ་གཙོ་དང་། འདུལ་ཁྲིམས་ལས་རྒྱལ་ཁྲིམས་གཙོ། ཆོས་པ་ལས་སྤྱི་དམངས་གཙོ་བའི”འདུ་ཤེས་བརྟན་པོ་བཙུགས་ཐོག“ཚད་གཞི་བཞིར”བརྩི་སྲུང་ཞུས་ཏེ“གྲྭ་བཙུན་ཡག་པོ་བཞི”བརྩོན་ལེན་ཧུར་ཐག་བྱ་རྒྱུ་ཡིན། ངས་བླ་མ་སྐྱེ་ཆེན་རིམ་བྱོན་གྱི་སེམས་སྐྱེད་དང་འདུན་པ་ཆེན་པོ་རྒྱུན་འཛིན་དང་དར་སྤེལ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་བྱེད་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རང་འགུལ་ངང་དར་སྤེལ་གཏོང་བ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས། དད་ལྡན་སེར་སྐྱ་མང་ཚོགས་ཚོས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱ་རྒྱུར་ཁྲིད་སྟོན་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།
(བསོད་བདེ་གཞོན་པས་བསྒྱུར། སྐལ་མཆོག་གིས་ཞུས)