ངའི་མིང་ལ་ཐུབ་བསྟན་མཁས་གྲུབ་ཟེར་གྱི་ཡོད། བོད་རང་སྐྱོང་ལྗོངས་སྲིད་གྲོས་དཔལ་འབྱོར་དང་མི་འབོར་ཐོན་ཁུངས་ཁོར་ཡུག་ཨུ་ལྷན་ནས་ཡིན། དུས་མཚུངས་རྒྱལ་ཁབ་པུའུ་ཨུད་བཞིའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ཞིབ་འཇུག་རྟེན་གཞིའི་བོད་ལྗོངས་སློབ་ཆེན་གྱི་དབུ་བཞུགས་རིགས་གཅིག་མཁས་ཅན་ཞིག་ཀྱང་ཡིན། “ལོ་རྒྱུས་དཔྱད་གཞིར་བཟུང་ནས་འབྱུང་འགྱུར་གཏོད་དེ་རླབས་ཆེན་གྱི་དུས་རབས་གསར་པའི་བཀའ་དྲིན་དྲན་དགོས”ཞེས་པ་དེ་ནི་ངས་ལྷན་རྒྱས་དང་མཉམ་སྤྱོད་བྱེད་པའི་བརྗོད་དོན་གཙོ་བོ་ཡིན།
དང་ཐོག་ངས་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་བྱ་གཞག་ཆེད་འབད་བརྩོན་བྱེད་མཁན་གྱི་གསར་བརྗེའི་སྔོན་བྱོན་པ་ཚོར་གུས་འདུད་ཞུ་རྒྱུ་ཡིན། ཁོང་ཚོས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་གཞི་ནས་ང་ཚོར་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་ཡོད།
བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་ལམ་བུ་དེ་ཐོགས་ཐུག་མེད་པ་ཞིག་མིན། ཉིན་འགའི་སྔོན་ལ་ངས་དམག་སྡེ་བཅོ་བརྒྱད་པའི་དམག་དཔོན་ཀྲང་གོ་ཧྭ་ཡི་བུ་མོ་ཀྲང་ཞའོ་ཁང་གི《གངས་ལྗོངས་ཀྱི་གླུ་དབྱངས། བོད་ཀྱི་1949ལོ་ནས་1960ལོའི་བར》དང་བློ་མཐུན་ཧྲེན་ཝེ་ཕིང་གི《ཀྲུང་གོའི་འཛམ་གླིང་ས་མཐོ》ཞེས་པའི་དེབ་དེ་གཉིས་བལྟས་པ་ཡིན། དངོས་བྲིས་རྩོམ་རིག་དེ་གཉིས་ནང་ལོ་རྒྱུས་དངོས་སུ་བརྒྱུད་མྱོང་བའི་མི་བརྒྱ་ཕྲག་ལ་བཅར་འདྲི་བྱས་འདུག དམངས་གཙོའི་བཅོས་སྒྱུར་གྱི་དུས་འགོར་སྔོན་བྱོན་པ་རྣམས་ལ་དཀའ་ངལ་དང་འགྲན་སློང་སྣ་ཚོགས་འཕྲད་ཀྱང་ཁོང་ཚོས་མགོ་བོ་གཏན་སྒུར་མེད་པ་དེར་ང་ལ་མྱོང་ཚོར་ཟབ་མོ་སྐྱེས་བྱུང་། ཏང་གི་འགོ་ཁྲིད་འོག་ཁོང་ཚོས་བློ་རྩ་བརྟན་པོ་དང་དཔའ་ངར་ཆེར་བསྐྱེད་ཀྱིས་བོད་ཀྱི་མི་དམངས་བྲན་དུ་བཀོལ་བའི་ལོ་ངོ་སྟོང་གི་ལྕགས་སྒྲོག་ལྗིད་པོ་གཏོར་ཏེ“གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི”བྱ་གཞག་རླབས་པོ་ཆེ་ལེགས་པར་བཏོད་ཡོད།
ལོ་65རིང་བོད་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ནས་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྲུན་སོགས་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་སྟེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་སྔར་ན་མེད་པའི་མཐོ་རུ་ཕྱིན་ཡོད།
དེ་རིང་ང་ཚོས་འདི་གར་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བར་དྲན་གསོ་ཞུ་རྒྱུ་ཡིན། ལོ་65ཡི་རིང་བོད་འདི་ཉིད་མུན་ནག་ནས་འོད་ཟེར་དང་རྗེས་ལུས་ནས་ཡར་ཐོན་ཕྱོགས་སུ་བསྐྱོད་པ་མ་ཟད། སྒོ་རྒྱག་ནས་སྒོ་དབྱེ་དང་དབུལ་ཕོངས་ནས་འབྱོར་ཕྱུག་ཕྱོགས་སུ་ཡང་བསྐྱོད་ཡོད།
ཏང་གི་བཀའ་དྲིན་རི་བོ་ལས་ཀྱང་མཐོ། ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་བསྐྲུན་རྒྱུ་ནི་ང་ཚོ་འབད་འཐབ་པ་ཚང་མའི་ཐོག་མའི་བསམ་འདུན་དང་ལས་འགན་ཡིན། ང་ཚོས་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་དྲིན་ཚོར་ཡར་བརྩོན་བྱས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས།
(བདེ་དབང་དང་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)