《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年04月02日

ཕ་རབས་ཚོའི་རྒྱལ་གཅེས་ཀྱི་བརྩེ་སེམས་རྒྱུན་འཛིན་ཡག་པོ་བྱེད་དགོས།

རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། བཀྲ་ཤིས་དབང་མོ།

ངའི་མིང་ལ་བཀྲ་ཤིས་དབང་མོ་ཟེར་གྱི་ཡོད། རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ཕྱོགས་བསྡུས་ལྟ་སྐུལ་ཁྲུའུ་ནས་ཡིན། དེ་རིང་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་མི་སྣའི་མི་རབས་རྗེས་མའི་ཚབ་ཞུས་ནས་གཏམ་བཤད་སྤེལ་རྒྱུ་བྱུང་བར་ང་ལ་གཟི་བརྗིད་ཀྱི་མྱོང་ཚོར་བྱུང་ལ་སེམས་འགུལ་ཡང་ཆེན་པོ་ཐེབས་བྱུང་།

དམངས་གཙོའི་བཅོས་སྒྱུར་ནི་བོད་ཀྱི་ལོ་རྒྱུས་ཐོག་གི་ཆེས་རྒྱ་ཆེ་བ་དང་ཆེས་གཏིང་ཟབ་པའི་སྤྱི་ཚོགས་ཀྱི་འཕོ་འགྱུར་ཞིག་རེད། ལོ་65ཡི་གོང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ཀྱིས་ཆོས་སྲིད་ཟུང་འབྲེལ་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་ལམ་ལུགས་རྦད་དེ་མེད་པར་བཟོས་ནས་གོམ་ཞེང་ཆེན་པོས་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་བསྐྱོད་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཐུགས་ཁུར་དང་གཟིགས་སྐྱོང་གནང་བས་བོད་ཀྱི“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞིར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། རང་ཉིད་ཀྱིས་སྐྲུན་བཞིན་པའི་འཕྲོད་བསྟེན་བདེ་ཐང་གི་ལས་ཀའི་ངོས་ནས་བརྗོད་ན། 1959ལོར་ལྗོངས་ཡོངས་སུ་སྨན་བཅོས་སྒྲིག་གཞི62ལས་མེད་ཅིང་མང་ཆེ་བ་སྨན་བཅོས་ཁང་ཆུང་གྲས་ཡིན་པ་དང་འཕྲོད་བསྟེན་མི་སྣ་791ལས་མེད་པ་དང་། 2023ལོར་སླེབས་སྐབས་ལྗོངས་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་1821དང་འཕྲོད་བསྟེན་ལག་རྩལ་མི་སྣ་29379ཟིན་ཡོད། མི་རེའི་ཆ་སྙོམས་ཀྱི་སྔོན་དཔག་ཚེ་ཚད་དེ་ལོ་35.5ནས་ལོ་72.19བར་རིང་དུ་ཕྱིན་པ་དང་། སྦྲུམ་མ་དང་ཕྲུ་གུ་འཆི་ཚད་38.63/ཁྲི་10དང་5.37‰སོ་སོར་ཆག་ཡོད། སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེ་ཚད་99.15%བར་མཐོ་རུ་ཕྱིན་ཡོད། གྲངས་གཞི་དེ་དག་གི་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གིས་ང་ཚོའི་སྣེ་ཁྲིད་དེ་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་བཏོད་ཡོད་ལ། ཀྲུང་གོ་གུང་ཁྲན་ཏང་ཁོ་ནས་མ་གཏོགས་རྒྱ་ཆེའི་བོད་མི་དམངས་ཀྱི་སྣེ་ཁྲིད་དེ་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད་མི་ཐུབ་པ་ང་ཚོར་མྱོང་ཚོར་ཟབ་མོ་བྱུང་ཞེས་བརྗོད།

ད་དུང་སྐབས་དེ་དུས་ཆབ་མདོར་གཤམ་སྐྱོད་བྱེད་སྐབས་ངས་ལམ་ཐག་རིང་བ་དང་ལས་ཀ་དཀའ་ཚེགས་ཆེ་ལུགས་ཡང་ཡང་ཤོད་མྱོང་ཡོད། པཱ་ལགས་ཀྱིས་གསན་རྗེས་ངང་རྒྱུད་རིང་པོས“རང་གི་སྤོ་བོ་ལགས་ཁོང་ཚོའི་དུས་སུ་རི་འགོག་དམག་འཁྲུག་ལངས་པས། རི་འགོག་དམག་འཁྲུག་ལ་རྒྱབ་སྐྱོར་བྱ་ཆེད་རི་འགོག་དངོས་ཟོག་སྐྱེལ་བའི་ལམ་ཞིག་བཏོད་དེ་རྟ་དྲེལ་ལ་རི་འགོག་དངོས་ཟོག་བཀལ་ནས་འཐབ་ས་མདུན་མར་སྐྱེལ་གྱི་ཡོད། ཁོང་ཚོས་ལམ་བར་གྱི་དཀའ་ཚེགས་ལ་འཁང་ར་གཏན་ནས་མི་གནང་བར་རྒྱལ་གཅེས་ཀྱི་བསམ་པ་བཅངས་ཏེ་ནུས་པས་ལྕོགས་ཚོད་ཀྱི་བྱ་བ་བསྒྲུབས་ཡོད”ཅེས་གསུངས་བྱུང་། པཱ་ལགས་ཀྱིས་ད་དུང་ཁོང་རང་ཉིད་ཀྱང་སྐབས་དེ་དུས་ལས་ཀ་བྱེད་སྐབས་འགྲིམ་འགྲུལ་ཡོ་བྱད་རྟ་ཁོ་ན་ལས་མེད་པ་དང་ལམ་བར་དཀའ་ཚེགས་དེ་བས་ཆེན་པོ་ཡོད་ཅེས་གསུངས་བྱུང་། ཕ་རབས་ཚོའི་རྒྱལ་གཅེས་བརྩེ་སེམས་དང་ལས་ཀའི་སྤྲོ་སེམས་ཀྱིས་སྔ་ཕྱི་བར་གསུམ་དུ་ང་ལ་སྐུལ་ལྕག་དང་སེམས་འགུལ་ཆེན་པོ་ཐེབས་བྱུང་། 2022ལོར་ཏོག་གསར་རིམས་ནད་ལ་ཁ་གཏད་གཅོག་རིང་། ངས་བཀའ་དང་དུ་བླངས་ནས་རིམས་འགོག་གི་བརྒྱུད་རིམ་ཧྲིལ་པོར་སེམས་ནུས་ཡོད་རྒུ་བཏོན་པ་ཡིན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཐུན་མོང་འབད་བརྩོན་འོག་མཐར་རིམས་ནད་ལས་རྣམ་པར་རྒྱལ་ཡོད། རིམས་ནད་འགོག་པའི་དཀའ་ཚེགས་ཆེ་ཤོས་ཀྱི་དུས་སུ་ངས་པཱ་ལགས་ཀྱིས་དེ་སྔོན་ང་ལ་གསུངས་མྱོང་བའི་བཀའ་མོལ་དག་དྲན་བྱུང་། ངའི་བསམ་པར་དེ་ནི་རྒྱུན་འཛིན་དང་ཡར་བརྩོན་གྱི་སྟོབས་ཤུགས་ཤིག་རེད་བསམ་གྱི་འདུག་ཅེས་བརྗོད།

ཕ་རབས་ཚོས་གླེང་བའི་བརྒྱུད་རིམ་ནས་དུས་རབས་གསར་པའི་བོད་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་མིག་མཐོང་ལག་ཟིན་བྱུང་བའི་བར། ངས་དུས་དང་རྣམ་པ་ཀུན་ཏུ་ཏང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་འཆང་བ་དང་། ཕ་རབས་ཚོས་མེས་རྒྱལ་ལ་བཅངས་པའི་དགའ་ཞེན་གྱི་བསམ་པ་རྒྱུན་འཛིན་བྱེད་པ། ཏང་གི་བཀའ་དྲིན་ནམ་ཡང་སེམས་ནང་འཆང་བ། འབད་འབུངས་ཡར་བརྩོན་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་འབུལ་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་བརྗོད་པ་རེད།

(བསོད་ནམས་དཔའ་མོས་བསྒྱུར། ཉི་དོན་གྱིས་ཞུས)