《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年04月02日

ཏང་གི་བཀའ་དྲིན་ནམ་ཡང་སེམས་ལ་བརྟན་པོར་ངེས་དགོས།

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་གླིང་ཆུང་སྡེ་ཁུལ་གྱི་མང་ཚོགས། བསྟན་འཛིན།

ངའི་མིང་ལ་བསྟན་འཛིན་ཟེར་གྱི་ཡོད། ད་ལོ་ལོ་63ཡིན། ད་ལྟ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་གླིང་ཆུང་སྡེ་ཁུལ་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་འཁུར་བཞིན་ཡོད། ཞིང་བྲན་གྱི་རྗེས་རབས་པའི་འཐུས་མི་ཞིག་ཡིན་པའི་ངོས་ནས། ཚང་མ་དང་མཉམ་དུ་བོད་རྙིང་པའི་མུན་ནག་དང་བོད་གསར་པའི་འོད་ཟེར་སྐོར་གླེང་བའི་གོ་སྐབས་བྱུང་བས་ཧ་ཅང་དགའ་པོ་བྱུང་།

བོད་རྙིང་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་དབང་སྒྱུར་འོག རྒྱ་ཆེའི་ཞིང་བྲན་རྣམས་ལ་དུས་ཡུན་རིང་པོའི་ནང་མངའ་བདག་ཆེན་པོ་གསུམ་གྱི་གཉའ་གནོན་དང་བཤུ་གཞོག་ཕོག་ནས། མཚོ་ལྟར་ཟབ་ཅིང་མེ་ལྟར་ཚ་བའི་ཁྲོད་དུ་འཚོ་བ་སྐྱེལ་དགོས་བྱུང་བས་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ཟེར་བ་གཏན་ནས་མེད་སྟབས་ཞིང་བྲན་བདག་པོའི་སྒེར་གྱི་རྒྱུ་ནོར་ཞིག་རང་རེད། ང་ཆུང་དུས་སུ་པཱ་ལགས་ཀྱིས་མུན་ནག་དང་གདུག་རྩུབ་ཆེ་བའི་སྤྱི་ཚོགས་རྙིང་པའི་སྐོར་གླེང་སྐབས་རྟག་ཏུ་སེམས་གཏིང་ནས་འཁོན་འཛིན་ཆེན་པོ་སྐྱེ་གི་འདུག བོད་རྙིང་པར་སྤོ་བོ་ལགས་དང་རྨོ་བོ་ལགས་གཉིས་ཀ་ཞིང་བྲན་ཡིན་སྟབས་རྟག་པར་རྩམ་པ་ཁམ་གང་དོ་ཙམ་བཟས་ནས་ཉིན་གང་འཁྱོལ་ཐབས་བྱེད་ཀྱི་ཡོད། ལྟོས་གྲོད་པ་མི་རྒྱགས་པ་དང་གོས་ཀྱིས་ལུས་མི་དྲོད་པ་མ་ཟད། ཉིན་མཚན་མེད་པར་ཞིང་བྲན་བདག་པོའི་གཡོག་རྒྱུག་དགོས་ཀྱི་ཡོད། སྐབས་དེ་དུས་སྤོ་བོ་ལགས་དང་རྨོ་བོ་ལགས་གསོན་པོར་གནས་པ་ནི་ལས་སླ་པོ་ཞིག་གཏན་ནས་མིན། སྐབས་དེ་དུས་ཞིང་བྲན་བདག་པོའི་ཕྱུགས་ཟོག་ནི་ཞིང་བྲན་ལས་ཀྱང་རྩ་ཆེ་བར་བརྩི་གི་ཡོད་སྟབས་དེ་དག་ལ་གཏན་ནས་རེག་མི་རུང་། ཞིང་བྲན་གྱི་ཚེ་སྲོག་གི་སྟོང་ནི་དྲེད་ཐག་གཅིག་གིས་ཆོག་པས་ཞིང་བྲན་བདག་པོ་དགའ་པོ་མ་བྱུང་ན་ཉེས་རྡུང་དྲག་པོ་གཏོང་གི་ཡོད། འོད་ཟེར་མཐོང་རྒྱུ་མེད་པའི་མུན་ནག་གི་ལོ་ཟླའི་ནང་། རྒྱུ་འབྲས་གཏན་ནས་མེད་པའི་ཞིང་བྲན་བདག་པོའི་མནར་གཅོད་དང་ཉེས་རྡུང་འོག་སྤོ་བོ་ལགས་དང་རྨོ་བོ་ལགས་གཉིས་སྔ་རྟིང་དུ་ཚེ་ལས་འདས། ངལ་དུབ་ཀྱིས་མནར་ནས་གཅོང་ནད་དང་གཟུགས་པོ་སྐྱོ་བའི་པཱ་ལགས་གྲང་ངར་ཆེ་ཞིང་ཡ་ང་བའི་འཇིག་རྟེན་འདིའི་ཐོག་གཅིག་པུར་ལུས་ཡོད་ཅེས་ཁོང་གིས་བརྗོད།

1959ལོར་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག བོད་ལ་རླབས་ཆེན་གྱི་དམངས་གཙོའི་བཅོས་སྒྱུར་བྱས་ནས་གདུག་རྩུབ་ཆེ་བའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་ལྕགས་སྒྲོག་གཏོར་བས་རྒྱ་ཆེའི་ཞིང་བྲན་རྣམས་ལ་ཡར་ལངས་བཅིངས་འགྲོལ་ཐོབ་ནས་རྒྱལ་ཁབ་ཀྱི་བདག་པོར་གྱུར་ཏེ་ལ་རྒྱ་ཡོད་ལ་བདེ་སྐྱིད་ཀྱང་བྱུང་ཡོད།

པཱ་ལགས་སྐུ་འཚོ་བཞུགས་སྐབས་རྒན་ཚེ་བརྟན་སྒྲོལ་མ་ལགས་ཀྱིས་བཏང་བའི《གླུ་ཞིག་བླངས་ནས་ཏང་ལ་འབུལ》ཞེས་པ་དེ་གསན་རྒྱུར་ཧ་ཅང་མཉེས་པོ་ཡོད། ཁོང་གིས་གཞས་དེས་རང་ཉིད་ཀྱིས་ཏང་ལ་བཅངས་པའི་བརྩེ་སེམས་མཚོན་ཡོད། ཏང་ནི་ཡུམ་ཆེན་དང་འདྲ་བར་རང་ཉིད་ལ་དྲོ་སྐྱིད་དང་བདེ་སྐྱིད་སྦྱིན་མཁན་དེ་རེད། མའོ་ཀྲུའུ་ཞིས་ཞིང་བྲན་ཁྲི་ཚོ་བརྒྱའི་སྣེ་ཁྲིད་དེ་ཡར་ལངས་བཅིངས་འགྲོལ་བཏང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་མི་དམངས་ཀྱི་སྣེ་ཁྲིད་དེ་དབུལ་སྒྲོལ་འབྱོར་འབྲིང་ཕྱོགས་སུ་བསྐྱོད་ཡོད། དོན་ཆེན་དེ་གཉིས་ང་ཚོས་ནམ་ཡང་སེམས་ལ་བརྟན་པོར་ངེས་དགོས་ཞེས་བརྗོད།

ཉེ་བའི་ལོ་ཤས་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་གི་ཐུགས་ཁུར་འོག་བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ད་ཆ་རང་ཉིད་སྡོད་ས་ནི་སྨི་ངོས་གྲུ་200ལྷག་ཙམ་གྱི་སྒོ་ར་རང་འགྲིག་མའི་ཁང་པ་ཡིན་པ་དེའི་ནང་ཚོམས་ཆེན་དང་། ཐབ་ཚང་། གསང་སྤྱོད་བཅས་ཚང་མ་ཡོད། སྔོན་ཆད་ལམ་ཡག་པོ་མེད་པ་དང་། ད་ཆ་ཕྱིར་འགྲོ་དུས་སྣུམ་ནག་ལམ་དང་ཨར་འདམ་ལམ་རེད། ངའི་ཁྱིམ་དུ་ད་དུང་རླངས་འཁོར་ཆུང་གྲས་གཉིས་ཡོད། ང་དང་བུ་དང་མནའ་མ་བཅས་ཚང་མར་ལས་ཀ་བརྟན་པོ་ཡོད་པ་མ་ཟད། ཚ་བོ་ད་དུང་སློབ་གྲྭ་ཆེ་མོར་རྒྱུགས་འཕྲོད་ཡོད། སྡེ་ཁུལ་གྱི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཡག་པོ་ཡོད་པས་ང་ཚོའི་ཁྱིམ་གྱི་ནང་མི་ལྔའི་ནང་གི་གསུམ་ལ་ལོ་ལྟར་ཁེ་སྤོགས་བགོ་བཤའ་རག་པ་དང་། ན་ནིང་ངའི་ཁྱིམ་ལ་ཁེ་སྤོགས་སྒོར་ཁྲི་4ལྷག་ཙམ་རག་བྱུང་བས་འཚོ་བ་ཧ་ཅང་བདེ་སྐྱིད་ལྡན་པ་ཞིག་སྐྱེལ་བཞིན་ཡོད།

ཡུལ་མི་ཚོས་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡག་ཏུ་ཕྱིན་སོང་ཞེས་བརྗོད་ཀྱི་ཡོད། དེ་དག་ཚང་མ་ནི་ཏང་གིས་ང་ཚོའི་སྣེ་ཁྲིད་ནས་བྱུང་བ་ཞིག་རེད། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ནི་ང་ཚོ་ཞིང་བྲན་ཁྲི་ཚོ་བརྒྱའི་མི་རབས་རྗེས་མ་ཚོས་ནམ་ཡང་འགྱུར་ལྡོག་གཏོང་མི་རུང་བའི་ཐོག་མའི་བསམ་འདུན་དང་མི་ཉམས་ཡུན་གནས་ཀྱི་བརྩེ་སེམས་ཤིག་རེད།

(ཉི་དོན་གྱིས་བསྒྱུར། ཉི་དོན་དང་དཔའ་མོས་ཞུས)