《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年03月31日

༄༅། །ཚོར་བྲིས་སེམས་ཀྱི་རི་མོ།

མེ་ཆར།

མཚན་ངོགས་ཟླ་བའི་འོག་ནས། །

སྣང་བ་དབྱངས་སུ་འགུག་དུས། །

ཚོར་བའི་ལྗོན་ཤིང་རྩེ་ལ། །

སྙན་ཚིག་མེ་ཏོག་འཁྲུངས་སོང་། །

སེམས་ཀྱི་ཉིན་སྲིབ་བར་ལ། །

ཚོར་བའི་རྒྱུད་སྐུད་དཀྲོལ་ཡོད། །

སེམས་གཞས་དབྱངས་ལ་དྲངས་ཡོད། །

དགའ་སྐྱོའི་ཚོར་འདུ་དཀྲུགས་ཡོད། །

ཚོར་བའི་རྟ་ཕོར་བཞོན་ཏེ། །

ལོ་ཟླའི་ཁུག་སོའི་བར་ནས། །

སྐྱིད་སྡུག་མི་ཚེའི་སྣང་བརྙན། །

དབྱངས་ཀྱི་ཀློང་དུ་བཞེངས་ཡོད། །

མཚན་མོའི་ལྷིང་འཇགས་ཁྲོད་དུ། །

ཚོར་བའི་འཆར་ཡན་རྣོན་པོ། །

སྣང་བའི་ངོས་ལ་ཕབ་ནས། །

སེམས་ཚོར་གཞས་ཆུང་བླངས་ཡོད། །

ལྷིང་འཇགས་སྐར་ཚོགས་འཛུམ་པའི། །

ཟླ་འོད་མག་མོག་གསེབ་ནས། །

ཚོར་རྟོག་ངག་གི་འཆར་སྒོ །

དབྱངས་ཀྱི་ལོ་མར་བསྐྱོན་ཡོད། །

ས་སྲོད་མུན་པའི་གྲོང་དུ། །

ཟླ་བའི་འོད་མདངས་འཕྲོ་དུས། །

ཀུན་རྟོག་ཆར་རྗེས་འཇའ་རིས། །

ལག་པས་སྙོབ་འདོད་སྐྱེས་བྱུང་། །

ཟང་ཟིང་འཁོར་བའི་གྲོང་ནས། །

ཚིག་གི་རྒུན་འབུ་འཐུ་ཞོར། །

འཁོར་བའི་ལ་གཞས་ལེན་བཞིན། །

རང་སེམས་རི་མོ་མཐོང་སོང་། །

མཁའ་ནས་ཤར་བའི་སྐར་ཚོགས། །

སིམ་སིམ་འཛུམ་པའི་སྣང་ཚུལ། །

སྒེའུ་ཁུང་ངོས་ནས་འཆར་དུས། །

དགའ་སྐྱོ་རིས་སུ་འཁྱིལ་འགྲོ །

ནམ་ཟླའི་དྲོད་འཁྱག་བར་ལ། །

མི་ཚེ་དགའ་སྐྱོ་འདྲེས་མ། །

འགྲུལ་བཞུད་ཐེངས་གཅིག་འདི་ལ། །

ཉིན་ཐོ་རེ་རེ་བརྩེགས་ཡོད། །

དགའ་ཕྱོགས་གཟུང་ཐག་མི་ལྷོད། །

ཚོར་བའི་བཟི་ཁ་མི་གཏོང་། །

གང་དྲན་སེམས་ཀྱི་རི་མོ། །

ཚིག་འབྲུ་གསོན་པོར་འབེབས་འདོད། །