《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年03月31日

༄༅། །སྙན་ཚོམ་མུ་ཏིག་དོ་ཤལ།

བྱམས་པ།

དཔྱིད་ཀ

དཔྱིད་ཀ་འདི།

ཉི་འོད་འཇམ་པོ་ཞིག་གི་ཐུ་འོག་ཏུ་ཉལ་ཡོད་ཟེར།

དེ་ནི། ཨ་ཕའི་དྲོད་ཁོལ་དཔེར་འཇོག་པ་འདྲ་འདྲ་རེད།

དཔྱིད་ཀ་འདི།

རླུང་བུ་བསིལ་བསིལ་ཞིག་གི་ཕྱག་ཟུང་ལས་ལངས་འོང་སྐད།

དེ་ནི། ཨ་མའི་འཇམ་མཉེན་དཔེར་འཇོག་པ་ལྟ་བུ་རེད།

ཨ་ཕ་ཨ་མ་ཡིད་སེམས་སུ་འཁོར་ཡོང་བའང་།

ཉི་འོད་དང་བསིལ་རླུང་དྲན་པ་ཇི་བཞིན།

དགུན་གཞུང་གི་ནམ་ཟླ་འཁྱག་དྲགས་པས་ཡིན་ངེས།

དཔྱིད་ཀྱི་ཁ་དོག

བྱ་སྐད་རིང་མོ་དག་རྨི་ལམ་གྱི་གཤོག་སྣེར་ཐོགས་ཏེ།

ཚེ་སྲོག་གི་སྡོང་མགོར་རེ་བའི་ཁ་དོག་བཏབ།

རྣང་ཞིང་གི་བར་ན་ས་ལམ་དྲུད་པའི་གླང་རྒན་གྱི་རྨིག་རྗེས་དག

ས་ཆེན་གྱི་ཕང་བར་བཏབ་པའི་རི་མོའམ་ཁ་དོག་གཞན་ཞིག་ཡིན།

དཔྱིད་ཀ་ནི་མ་གཞི་ནས་ཁ་དོག་ཅིག་རེད།

མིག་བཙུམས་ཀྱང་སེམས་ཀྱིས་ཚོར་ཐུབ་པའི་ཐ་སྙད་གཅིག་གི་ཁ་དོག་རེད།

ཕ་ཡུལ།

ཕ་ཡུལ། རྐུབ་ས་རུ་ཕབ་རྗེས་སེམས་པ་ལྷོད་དུ་འབབ་ས་ཞིག

ཕ་ཡུལ། མགོ་བོ་དགྱེ་ཙམ་ཞིག་གིས་གནམ་ངོ་དྭངས་ས་ཞིག

ཕ་ཡུལ། ངག་སྒོ་ཕྱེ་ཙམ་གྱིས་བྱིས་དུས་སུ་ལོག་ས་ཞིག

ཕ་ཡུལ། མིག་གི་ཡོལ་བ་སངས་མ་ཐག་པའི་ངོ་རིས་རྙིང་པ་ཞིག

སྙན་ངག

གནའ་སྔ་མོ་སྔ་མོར། རི་བོ་ལྟ་བུའི་ཨ་ཕར།

མཚོ་མོ་འདྲ་བའི་ཨ་མར། བུ་མོ་ཡིད་འོང་ཞིག་འཁྲུངས་སྐད།

དགའ་དུས་གནམ་ས་གས། སྐྱོ་ན་རི་ལུང་འཁྱོམས།

དེའི་མིང་ལ་སྙན་ངག་ཟེར།

འཚོ་བ།

འཚོ་བ་ནི་རྫུ་འཕྲུལ་གྱི་ཕོར་པ་ཆེན་པོ་ཞིག

ཕོར་པ་དེའི་ནང་དབྱར་དགུན་སྟོན་དཔྱིད་ཤོང་ཐུབ།

རི་བོ་དང་རྩྭ་ཐང་མེ་ཏོག་བཞིན་བཏབ་རྗེས།

གཏམ་རྒྱུད་དང་སྙན་ངག་གི་རླུང་རྟ་སྤུར་ཆོག

བཟའ་མི་དང་བུ་ཕྲུག་ལྷན་དུ་འཛོམས་པའི།

ནགས་ཚལ་ཆུང་ཆུང་ཞིག་བཞེངས་རྗེས།

སྐྱེ་རྒ་ན་འཆིའི་གོ་རིམ་བརྩེག་ཐུབ།