《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年03月31日

མདོངས་པོ་གྲོང་ཚོ།

བྲུ་རོང་ཁུལ་དུ་ཕྱུག་འགྱུར་ཐབས་ལམ་ཡངས།

གླང་ཆེན་ཁ་འབབ་ནུབ་རྒྱུད་དུ་ལང་ལོང་བཞུར་ནས་རྩྭ་མདའི་བྲུ་རོང་དང་རྩྭ་མདའ་གཤོང་ས་བརླན་པར་བྱེད། མངའ་རིས་ས་ཁུལ་རྩྭ་མདའ་རྫོང་མདོངས་པོ་གྲོང་ཚོ་ནི་ཤར་ལྷོའི་རྒྱུད་ཀྱི་བྲུ་རོང་མཐིལ་དུ་གནས་ཡོད། ལོ་མང་རིང་། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་སྣེ་ཁྲིད་འོག མདོངས་པོ་གྲོང་ཚོས་ཡུལ་བབ་དང་བསྟུན་ནས་འབྲོག་ལས་ཁོ་ན་འཕེལ་རྒྱས་གཏོང་བ་ནས་ཐོན་ལས་སྣ་ཚོགས་འཕེལ་རྒྱས་བཏང་སྟེ། ཕྱུག་འགྱུར་འབབ་འཕར་གྱི་ལམ་བུར་བསྐྱོད་པའི་གཏམ་རྒྱུད་གཅིག་རྗེས་གཉིས་མཐུད་ངང་བརྩམས་ཡོད།

འགན་འཁྲི་ཁུར་ནས་ཡིད་ཆེས་ཐོབ་པར་བྱས།

མདོངས་པོ་གྲོང་ཚོར་སྐྱོད་སྐབས་ཡངས་ཤིང་རྒྱ་ཆེ་བའི་ཨར་འདམ་ལམ་བུར་རླངས་འཁོར་ཕར་འགྲོ་ཚུར་འོང་བྱེད་པ་དང་གཞུང་ལམ་གྱི་གཡས་གཡོན་དུ་བོད་ནུབ་རྒྱུད་ཀྱི་ཁྱད་ཆོས་ལྡན་པའི་ཁང་པ་མང་པོ་གྲལ་སྟར་འགྲིག་ལ། གྲོང་ཚོ་ཏང་ཀྲི་པུའི་དེ་སྔའི་ཧྲུའུ་ཅི་དར་རྒྱས་ལྷུན་གྲུབ་ཀྱི་ཁྱིམ་ཁྲོམ་གཞུང་གི་འགྲམ་དུ་ཡོད། གསར་འགོད་པ་དང་བཅས་པ་བཅར་འདྲི་བྱེད་པར་ཡོང་བ་མཐོང་སྐབས་ལོ་56ལ་སླེབས་པའི་དར་རྒྱས་ལྷུན་གྲུབ་ཀྱིས་དགའ་སྤྲོའི་ངང་ཚང་མ་ཁྱིམ་དུ་ཁྲིད།

དར་རྒྱས་ལྷུན་གྲུབ་ཀྱི་ཁྱིམ་ནི་སྒོ་ར་རང་སྒྲིག་གི་ཁང་པ་ཐོག་གཅིག་མ་ཡིན་པ་དང་། སྒོ་རའི་ནང་འཛུལ་སྐབས་གཙང་སྦྲ་དོད་ཅིང་། ཁང་པའི་ནང་གི་བོད་བཟོའི་ཅོག་ཙེ་དང་གདན་བཀྱགས་གཙང་མ་འདུག་ལ་བརྙན་འཕྲིན་དང་འཁྱག་སྒམ་སོགས་ཁྱིམ་སྤྱོད་གློག་ཆས་གང་དགོས་ཚང་མ་འཛོམས་འདུག

“ད་ཆ་ང་ཚོ་འབྲོག་པའི་ཁྱིམ་དུ་གང་དགོས་ཚང་མ་ཡོད་པས་འཚོ་བ་གྲོང་ཁྱེར་བ་དང་ཁྱད་པར་མེད། དེ་དག་ཚང་མ་ནི་ཏང་གི་སྲིད་ཇུས་བཟང་པོ་ལས་བྱུང་བ་ཞིག་ཡིན”ཞེས་ད་ལྟའི་འཚོ་བའི་སྐོར་གླེང་སྐབས་དར་རྒྱས་ལྷུན་གྲུབ་ཀྱི་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར།

(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)

1967ལོར་སྐྱེས་པའི་དར་རྒྱས་ལྷུན་གྲུབ་ནི་ས་སྐྱེས་རྡོ་སྐྱེས་ཀྱི་མདོངས་པོ་གྲོང་ཚོའི་གྲོང་མི་ཞིག་རེད། ཆུང་དུས་ནས་གྲོང་ཚོའི་ནང་འཚར་ལོངས་བྱུང་བའི་ཁོང་གིས་སྔོན་མའི་འཚོ་བ་སེམས་ལ་གསལ་པོར་ངེས་ནས་ཡོད། “སྔོན་མ་གྲོང་ཚོའི་མང་ཚོགས་ཀྱི་སློབ་གསོའི་ཆུ་ཚད་དམའ་པོ་ཡིན་པ་དང་ཕྱུགས་འཚོས་ནས་འཚོ་བ་སྐྱེལ་དགོས་ཀྱི་་ཡོད”ཅེས་བཤད།

སྟབས་ལེགས་པ་ཞིག་ལ་སྐབས་དེ་དུས་དར་རྒྱས་ལྷུན་གྲུབ་ཀྱིས་འཚོ་བར་དེ་བས་དཀའ་ཚེགས་ཆེ་ན་ཡང་སློབ་སྦྱོང་བྱ་རྒྱུ་སྔར་བཞིན་མཐའ་འཁྱོངས་བྱས། ཡོན་ཏན་ཡག་ཙམ་ཡོད་པས་ལོ་16ལ་སླེབས་སྐབས་དར་རྒྱས་ལྷུན་གྲུབ་མདོངས་པོ་གྲོང་ཚོའི་ཚོགས་ཆུང་གསུམ་པའི་ཙུའུ་ཀྲང་དང་རྩིས་པར་བདམས། 2003ལོར་ལས་ཀའི་གྲུབ་འབྲས་གཟེངས་སུ་ཐོན་པའི་དབང་གིས་གྲོང་མི་ཚོས་ཁོང་མདོངས་པོ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པར་བདམས་པ་དང་ཕྱིས་སུ་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་པ་རེད།

གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དར་རྒྱས་ལྷུན་གྲུབ་ཀྱི་ཕྲག་ཏུ་རྩ་འཛུགས་ཀྱི་ཡིད་ཆེས་དང་གྲོང་མིའི་རེ་བ་ཁུར་ཡོད།

གྲོང་ཚོའི་ཀྲུའུ་རེན་གཞོན་པའི་འགན་ཁུར་རྗེས། དར་རྒྱས་ལྷུན་གྲུབ་ཀྱིས་གྲོང་མིས་འཐུང་ཆུ་ལེན་པར་ཆུ་ཚོད་ཁ་ཤས་འགོར་བའི་དཀའ་གནད་ལ་གཞིགས་ནས་གྲོང་མི་16སྒྲིག་འཛུགས་བྱས་ཏེ་རིར་ཆུ་འགོ་འཚོལ་བར་སྐྱོད་པ་དང་ཆབས་ཅིག་ཆུ་ཡུར་བཟོས། “སྐབས་དེ་དུས་ལོ་ཕྱེད་རི་ལ་བསྡད་རྗེས་མཐར་ཆུ་འགོ་རྙེད་ནས་ཁྲོན་པ་གསུམ་དྲུས་ཏེ་གྲོང་མིའི་འཐུང་ཆུའི་གནད་དོན་ཐག་གཅོད་ཐུབ་སོང”ཞེས་བཤད།

དར་རྒྱས་ལྷུན་གྲུབ་ཀྱིས་བློ་གཅིག་སེམས་གཅིག་ངང་དམངས་ལ་ཞབས་འདེགས་ཞུས་པས་གྲོང་མིའི་བརྩི་བཀུར་དང་ཡིད་ཆེས་ཐོབ་པ་མ་ཟད། 2014ལོར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ལ་བདམས།

མཉམ་ལས་ཁང་ལ་བརྟེན་ནས་ཕྱུག་འགྱུར་ལམ་བུར་སྐྱོད།

གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མིར་གྱུར་རྗེས་དར་རྒྱས་ལྷུན་གྲུབ་ཀྱིས་གྲོང་ཚོ་ཡོངས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་རོགས་རམ་བྱ་རྒྱུ་དེ་ལས་ཀའི་དམིགས་ཚད་ཨང་དང་པོར་བརྩིས་པ་རེད།

2017ལོར་ཏང་གི་དམངས་ཕན་དམངས་ཕྱུག་སྲིད་ཇུས་འོག་མདོངས་པོ་གྲོང་ཚོར་བཞོན་མ་གསོ་ཚགས་རྟེན་གཞིའི་ཆེད་ལས་མཉམ་ལས་ཁང་བཙུགས་ཏེ་ཕྱུགས་རིགས་མ་རྐང་ནང་ཞུགས་པ་དང་། རྩྭ་ཐང་བརྒྱུད་བཤུག ངལ་རྩོལ་ནུས་ཤུགས་མ་རྐང་ནང་ཞུགས་པ་བཅས་བྱས་ཏེ་རྩོལ་བསྟུན་ཐོབ་སྤྲོད་དང་མ་རྐང་ནང་ཞུགས་པའི་མི་གྲངས་ཀྱི་ཆ་སྙོམས་ལྟར་ཐོབ་ཆ་བགོ་འགྲེམས་བྱས་ཡོད། གྲོང་ཚོའི་ནང་གི་ངལ་ནུས་ཁག་གཅིག་ཕྱུགས་ཁོ་ན་འཚོ་བའི་རྣམ་པ་ལས་སྒྲོལ་ཐུབ་པ་དང་འབྲེལ་ཐབས་ལམ་སྣ་ཚོགས་བརྒྱུད་མང་ཚོགས་ཀྱི་ཡོང་འབབ་མང་དུ་བཏང་ཡོད།

“ཐོག་མར་གྲོང་མི་ལ་ལ་མཉམ་ལས་ཁང་དུ་ཞུགས་འདོད་མི་བྱེད་པ་མ་ཟད། ཡག་པོ་མེད་ལུགས་སྐོར་བརྗོད་མཁན་ཡང་འདུག”ཅེས་དར་རྒྱས་ལྷུན་གྲུབ་ཀྱིས་བཤད། སྐབས་དེ་དུས་ཁོང་ཉིན་མོ་གྲོང་ཚོའི་ལས་ཀ་བྱེད་པ་དང་། དགོང་མོར་ཁྱིམ་ཚང་རེ་རེ་བཞིན་དུ་བསྐྱོད་དེ་ཁ་ཏ་བསླབ་བྱ་བྱེད་ཀྱི་ཡོད། མི་ལ་བརྩོན་འགྲུས་ལྡན་གྱུར་ན་མི་འགྲུབ་བྱ་བ་གང་ཡང་མེད། དར་རྒྱས་ལྷུན་གྲུབ་ཀྱི་འབད་བརྩོན་འོག་གྲོང་ཚོ་ཡོངས་ཀྱི་དུད་ཚང་22ཀྱི་མི་80ཚང་མ་མཉམ་ལས་ཁང་ལ་ཞུགས་ཐུབ་པ་རེད།

“མཉམ་ལས་ཁང་དུ་ད་ཆ་འབྲི་གཡག་མགོ་གྲངས་30དང་བེའུ་མགོ་གྲངས་30ཡོད། མར་དང་། ཕྱུར་བ། ཞོ། བལ་སོགས་ཀྱི་ཐོན་རྫས་མཉམ་ལས་ཁང་གིས་གཅིག་གྱུར་ཐོག་ས་ཆ་གཞན་ལ་འཚོང་གི་ཡོད། ན་ནིང་མཉམ་ལས་ཁང་ལ་ཡོང་འབབ་སྒོར་ཁྲི་18.3བྱུང་ཡོད”ཅེས་དར་རྒྱས་ལྷུན་གྲུབ་ཀྱིས་མཉམ་ལས་ཁང་གི་འཕེལ་རྒྱས་སྐོར་བརྗོད།

“ད་ཆ་ཕྱུགས་མ་འཚོས་ཀྱང་འབབ་འཕར་ཕྱུག་འགྱུར་བྱུང་ཡོད་། དེ་དག་ཚང་མ་གྲོང་ཚོའི‘ཨུ་ལྷན་གཉིས’ཀྱི་འགོ་ཁྲིད་ཀྱི་སྣེ་ཁྲིད་འོག་བྱུང་བ་ཞིག་རེད”ཅེས་གྲོང་མི་ཚེ་རིང་རྡོ་རྗེས་གསར་འགོད་པར་བཤད།

དམངས་ཕན་སྒོ་རྩིས་ཚོང་ཁང་ལས་དམངས་འཚོར་ཕན་པ་ཐོབ།

བཅར་འདྲི་བྱེད་པའི་ཉིན་དེར་མདོངས་པོ་གྲོང་ཚོའི་དམངས་ཕན་སྒོ་རྩིས་ཚོང་ཁང་དུ། གསར་འགོད་པས་ཟོག་སྒྲོམ་ཐོག་འཚོ་བའི་མཁོ་ཆས་དང་བཟའ་བཅའ་མང་པོ་ཞིག་བསྒྲིགས་འདུག་ལ་ཉོ་མཁན་ཡང་མང་པོ་ཡོད་པ་མཐོང་།

2016ལོའི་གོང་མདོངས་པོ་གྲོང་ཚོར་ཚོང་ཁང་ཆུང་ཆུང་ངོ་དྲག་པ་གཅིག་ཀྱང་མེད། སྔོན་མ་གྲོང་ཚོའི་རྒྱུན་གཏན་འཚོ་བའི་མཁོ་ཆས་ཚང་མ་ས་གནས་གཞན་གྱི་ཚོང་པས་འཚོང་བར་ཡོང་གི་ཡོད་པས། གོང་ཚད་མཐོ་བའི་ཁར་སྤུས་ཚད་ཀྱང་ཡག་པོ་མེད། དར་རྒྱས་ལྷུན་གྲུབ་ཀྱིས་གྲོང་ཚོའི་འགོ་ཁྲིད་ཀྱིས་འགན་འཁུར་རྗེས་དམངས་ཕན་སྲིད་ཇུས་དང་གྲོང་ཚོའི་དོན་དངོས་དང་བསྟུན་ནས་གྲོང་ཚོ་ཨུ་ལྷན་གྱི་སྒོ་འགྲམ་དུ་དམངས་ཕན་སྒོ་རྩིས་ཚོང་ཁང་བཙུགས་པ་རེད།

དར་རྒྱས་ལྷུན་གྲུབ་ཀྱིས་སྒོ་རྩིས་ཚོང་ཁང་ལ་ཁྱོན་སྒོར་ཁྲི་10བཏང་ཡོད། ཚོང་ཁང་སྒོ་ཕྱེ་བ་ནས་བཟུང་ལོ་ལྟར་ཁེ་བཟང་སྒོར་ཁྲི་5ནས་6བར་ཡོང་བ་དང་ལོ་ལྟར་མ་རྐང་མང་ཉུང་ལ་གཞིགས་ནས་བགོ་འགྲེམས་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།

དར་རྒྱས་ལྷུན་གྲུབ་ཀྱི་དཔེ་སྟོན་སྣེ་ཁྲིད་འོག་གྲོང་ཚོའི་བུད་མེད་ཀྲུའུ་རེན་པད་མ་དབྱངས་ཅན་གྱིས་སྒོ་རྩིས་ཚོང་ཁང་གི་འགན་ཚང་མ་འཁུར་གྱི་ཡོད། “ད་ཆ་ང་ལ་གླ་ཆ་སྒོར་3000ལེན་རྒྱུ་ཡོད་པའི་ཐོག་བགོ་འགྲེམས་བསྣན་ན་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་10ལྷག་ཙམ་ཡོད་པས་འཚོ་བ་ཧ་ཅང་སྐྱིད་པོ་ཡོད”ཅེས་པད་མ་དབྱངས་ཅན་གྱིས་གསར་འགོད་པར་དགའ་སྤྲོའི་ངང་བཤད། དེ་དང་ཆབས་ཅིག་པད་མ་དབྱངས་ཅན་གྱིས་ད་དུང་མདོངས་པོ་གྲོང་ཚོའི་བུད་མེད་ཀྱིས་བུད་མེད་མཉམ་འབྲེལ་ཇ་ཁང་དང་འཚེམ་བཟོ་ཁང་སོགས་བཙུགས་ནས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་ཡོང་བའི་ལྕག་སྐུལ་བྱས་ཡོད།

2021ལོར་དར་རྒྱས་ལྷུན་གྲུབ་ཀྱིས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་ཁུར་མེད་ན་ཡང་ཁོང་གིས་སྔར་བཞིན་རང་ཉིད་ཀྱི་ནུས་པས་ལྕོགས་ཚོད་ཀྱིས་གྲོང་ཚོའི་ལས་དོན་བསྒྲུབས་ནས་ཐུན་མོང་ཐོག་གྲོང་མི་ཚོ་དང་མཉམ་དུ་གོམ་ཞེང་ཆེན་པོས་ཕྱུག་འགྱུར་གྱི་ལམ་བུར་སྐྱོད་བཞིན་ཡོད། (པ་སངས་དང་ཚེ་ཁོས་སྒྱུར་ཞུས་བྱས)