འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་27ཉིན་གནས་ཚུལ་འབྱོར་གསལ། ཚེས་27ཉིན། རང་སྐྱོང་ལྗོངས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས“དྲ་ཐོག་དང་དྲ་ཕྱི”ཟུང་འབྲེལ་བྱེད་སྟངས་སྤྱད་དེ། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བར་དྲན་གསོ་ཞུ་བའི་རིགས་གཞུང་བགྲོ་གླེང་ཚོགས་འདུ་འཚོགས་ཤིང་། ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུ་འཚོགས་པའི་དམིགས་ཡུལ་ནི་རིགས་གཞུང་བགྲོ་གླེང་བརྒྱུད་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65སོང་ཚུན་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་རྩ་ཆེའི་ཉམས་མྱོང་ལ་ཕྱིར་དྲན་དང་ཕྱོགས་སྡོམ་བྱས་ཏེ། ལོ་རྒྱུས་ཀྱི་ཁྲོད་ནས་བློ་རིག་དང་སྟོབས་ཤུགས་བསྡུ་ལེན་གྱིས། ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཚན་རིག་ལས་དོན་པས་བསམ་བློ་དང་བྱ་སྤྱོད་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཐོག་གཅིག་གྱུར་ཡོང་བར་ལྕག་སྐུལ་བྱེད་པ་དང་། སྟོབས་ཤུགས་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཐོག་གཅིག་སྡུད་བྱས་ནས། “འཛུགས་གཏོད་བཞིར”སྐུལ་འདེད་ཧུར་ཐག་གཏོང་བ་དང་། “མདུན་གྲལ་དུ་སླེབས་པ་བཞི”ཧུར་ཐག་བྱེད་པ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱ་ཆེད་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་དོན་པའི་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་དེ་རེད།
བགྲོ་གླེང་ཚོགས་འདུའི་ཐོག ལྗོངས་ཕྱི་ནང་གི་རིགས་གཅིག་མཁས་ཅན་དང་མཁས་དབང་10ཡིས་རང་ངོས་ཀྱི་ལས་ཀའི་དོན་དངོས་དང་ཞིབ་འཇུག་གི་ཁྱད་ཆོས་དང་ཟུང་འབྲེལ་གྱིས། ཟུར་ཚད་མི་འདྲ་བའི་ཐོག་ནས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65སོང་རིང་དང་ལྷག་པར་དུ་དུས་རབས་གསར་པ་ཤར་ཚུན་བོད་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་རྩ་ཆེའི་ཉམས་མྱོང་ཕྱོགས་སྡོམ་དང་དབྱེ་ཞིབ་གཏིང་ཟབ་བྱས་པ་རེད།
(མཚམས་གཅོད་ཀྱིས་བསྒྱུར། བསྟན་བཟང་གིས་ཞུས)