《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年03月29日

རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ཏེ་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བར་དྲན་གསོ་ཞུས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཕྱོགས་བསྡུས་གནས་ཚུལ་འབྱོར་གསལ། ཟླ་གསུམ་པར། གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་། གངས་ལྗོངས་ས་མཐོའི་མི་རིགས་ཁག་གི་མི་དམངས་ཚོས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་65འཁོར་བར་དྲན་གསོ་ཞུས་ཡོད། ཉིན་ཤས་བསྟུད་མར་རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུར་ཕྱིར་མིག་་བལྟས་ཏེ་འབད་འབུངས་མདུན་སྐྱོད་ཀྱི་སྟོབས་ཤུགས་རབ་ཏུ་འཕེལ་བར་བྱས་ཡོད།

ཉེ་ཆར། མངའ་རིས་ས་ཨུད་དྲིལ་བསྒྲགས་པུས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བར་དྲན་གསོ་ཞུ་བའི་རིམ་སྤེལ་སྒྲོག་འགྲེལ་གྱི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་ཡོད། ད་ཐེངས་ཀྱི་བྱེད་སྒོར་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་ནས་སྒྲོག་འགྲེལ་དང་། ས་གནས་སྒྲོག་འགྲེལ་ཚོགས་པས་གཅིག་སྡུད་སྒྲོག་འགྲེལ། སྡེ་ཚན་སྒྲོག་འགྲེལ་དཔུང་ཁག་གིས་རིགས་བགོས་ནས་སྒྲོག་འགྲེལ། གཞི་རིམ་སྒྲོག་འགྲེལ་པས་ཁྱོན་ཡོངས་ལ་སྒྲོག་འགྲེལ། དྲ་རྒྱའི་སྨྱན་སྦྱོར་གྱིས་དྲ་ཐོག་མཉམ་འགུལ་སྒྲོག་འགྲེལ་བཅས་ཀྱི་བྱེད་ཐབས་སྤྱད་ཅིང་། ད་ཐེངས་ཀྱི་སྒྲོག་འགྲེལ་བྱེད་སྒོ་སྤེལ་རིང་། མངའ་རིས་ས་ཁུལ་གྱི་རྫོང་དང་། ཤང་། གྲོང་རྡལ་བཅས་ཁག་གི་གཞི་རིམ་ཞིང་འབྲོག་སྒྲོག་འགྲེལ་པ་290ཡིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་གང་ལེགས་སྤྱད་དེ། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་ངོ་ཐུག་གདོང་འཕྲད་ཀྱིས་སྒྲོག་འགྲེལ་བྱས་ཡོད།

བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བར་དྲན་གསོ་ཞུས་ཏེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་། ཏང་གི་བཀའ་དྲིན་དྲན་པ། མིག་སྔར་གཅེས་སྤྲས། སྔ་འཛིན་ཕྱིར་གཏོད་བཅས་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱ་ཆེད། ཟླ་3ཚེས་25ཉིན། ནག་ཆུ་གྲོང་ཁྱེར་གྱིས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བར་དྲན་གསོ་ཞུ་བའི་སྙན་རོང་རྫོང་གི་ཆེད་དོན་རིག་རྩལ་འཁྲབ་སྟོན་བྱས་ཡོད། འཁྲབ་སྟོན་དེ་དུས་རབས་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོ་དམ་པོར་དམིགས་ནས་ནང་དོན་ཕུན་སུམ་ཚོགས་ཤིང་ཡིད་དབང་འཕྲོག་པ་ཞིག་ཡོད། 《བོད་དུ་དཔུང་བསྐྱོད་བྱེད》དང་། 《སྙན་རོང་མི་དམངས་ཀྱི་སེམས་པ་ཏང་ལ་ཕྱོགས》སོགས་ངོ་མཚར་ཆེ་བའི་ལེ་ཚན་གཅིག་མཇུག་གཉིས་མཐུད་ངང་འཁྲབ་སྟོན་བྱས་ཏེ། རིག་རྩལ་གྱི་རྣམ་པའི་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ཚུན། སྙན་རོང་རྫོང་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་སྙན་རོང་མི་དམངས་ཀྱི་ཐོན་སྐྱེད་འཚོ་བའི་འཕེལ་རྒྱས་གསར་པ་དང་། འགྱུར་ལྡོག་གསར་པ། རྣམ་པ་གསར་པ་བཅས་ཕྱོཌ་མང་པོ་ནས་མངོན་པར་བྱས་ཡོད།

ཟླ་3ཚེས་25ཉིན། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཨུད་དང་ཆུས་སྲིད་གཞུང་གིས་གཙོ་གཉེར་དང་ཁྲེང་ཀོན་ཆུས་ཨུད་དྲིལ་བསྒྲགས་པུས་སྒྲུབ་འགན་འཁུར་བའི“ང་ཚོའི་བདེ་སྐྱིད་ལྡན་པའི་འཚོ་བ”ཞེས་པའི་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བར་དྲན་གསོ་ཞུ་བའི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་རྫོང་རྒྱབ་ཀླུ་ཁང་དུ་སྤེལ་ཡོད། བྱེད་སྒོ་དེ་གླུ་གར《མཛེས་སྡུག་ལྡན་པའི་བོད་ལྗོངས། གཅེས་པར་འོས་པའི་ཕ་ཡུལ》ཞེས་པ་ནས་འགོ་ཚུགས་ཤིང་། ས་གནས་ས་ཐོག་གི་ལྟད་མོ་བའི་སྤྲོ་སེམས་རབ་ཏུ་འཕེལ་ནས་གཞས་དང་ཞབས་བྲོའི་འགྱུར་ཁུག་དང་བསྟུན་ཏེ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས་ཡོད། ད་ཐེངས་ཀྱི་རིག་རྩལ་བྱེད་སྒོ་ལས་ས་མཐོའི་མི་རིགས་ཁག་གི་བུ་ཕྲུག་ཚོས་ཀྲུང་གོ་གུང་ཁྲན་ཏང་དང་། རླབས་ཆེན་མེས་རྒྱལ། དུས་རབས་གསར་པ་བཅས་ལ་བཅངས་པའི་དྲིན་གཟོའི་བསམ་པ་གང་ལེགས་མངོན་ཡོད། ཁྲེང་ཀོན་ཆུས་ཨུད་དྲིལ་བསྒྲགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཝང་ཆོན་ཧྲེང་གིས“རིག་རྩལ་འཁྲབ་སྟོན་གྱི་ལས་སྟེགས་བརྒྱུད་མི་རིགས་ཁག་གི་མང་ཚོགས་ཀྱིས་གླུ་ལེན་གར་འཁྲབ་བྱས་ནས་བདེ་སྐྱིད་ལྡན་པའི་འཚོ་བ་མཉམ་སྤྱོད་དང་ཚང་མ་རིག་གནས་ཀྱི་བྱེད་སྒོར་ཞུགས་རྒྱུ་བྱུང་བ་ལས་མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་ཡོད་ལ་བདེ་སྐྱིད་ལྡན་པའི་བོད་ལྗོངས་གསར་པ་མཉམ་དུ་སྐྲུན་པའི་སྤྲོ་སེམས་འཕེལ་ཡོད”ཅེས་བརྗོད།

ཉེ་དུས། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་བདེ་ཆེན་གྲོང་རྡལ་གྱིས“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། ཀུན་སེམས་གཅིག་སྒྲིལ་བདེ་ཆེན་གསར་པ་སྐྲུན”ཞེས་པའི་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བར་དྲན་གསོ་ཞུ་བའི་རིག་རྩལ་སྐོང་འཁྲབ་ཀྱི་བྱེད་སྒོ་སྤེལ་ཞིང་། བྱེད་སྒོ་དེ《བཀྲ་ཤིས་ཞོལ་པ》འཁྲབ་པ་ནས་འགོ་ཚུགས་པ་དང་། གར་སྟེགས་ཐོག་གི་འཁྲབ་སྟོན་པས་སྤྲོ་སེམས་ཆེན་པོས་འཁྲབ་སྟོན་བྱས་པ་དང་། གར་སྟེགས་གཤམ་གྱི་ལྟད་མོ་བས་འགྱུར་ཁུག་དང་བསྟུན་ཏེ་མཉམ་དུ་གླུ་དབྱངས་བླངས་ནས། གཞས་དང་། ཞབས་བྲོ། མོ་ཐྲོལ་གྱི་གྱོན་ཆས་ངོམ་སྟོན་སོགས་ཀྱི་ངོ་མཚར་ཆེ་བའི་ལེ་ཚན་གཅིག་མཇུག་གཉིས་མཐུད་ངང་བཏོད་ནས་ཚང་མར་མིག་ཡིད་རྣ་བའི་དགའ་སྟོན་ཕུན་སུམ་ཚོགས་པོ་ཞིག་བཤམས་ཏེ། ཞིང་འབྲོག་མང་ཚོགས་ཀྱིས་ཏང་དང་མེས་རྒྱས་ལ་བཅངས་པའི་དགའ་ཞེན་ཟབ་མོ་དང་སྨོན་འདུན་བཟང་པོ་མཚོན་པར་བྱས་ཡོད།

(པ་སངས་ཚེ་རིང་དང་ཚེ་དབང་ལྷ་མོས་སྒྱུར་ཞུས་བྱས)