《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年03月29日

2024ལོའི་རྒྱལ་ཡོངས་ཀྱི་གངས་ཤུད་རི་འཛེག་གི་ཨང་དང་པོའི་འགྲན་བསྡུར་འགོ་ཚུགས་པ།

བོད་ཀྱི་ལུས་རྩལ་པར་གསེར་གྱི་རྟགས་མ་4དང་། དངུལ་གྱི་རྟགས་མ་2ཟངས་ཀྱི་རྟགས་མ་3ཐོབ་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་3ཚེས་21ནས་ཚེས་26ཉིན་བར། 2024ལོའི་རྒྱལ་ཡོངས་ཀྱི་གངས་ཤུད་རི་འཛེག་གི་ཨང་དང་པོའི་འགྲན་བསྡུར་དེ་ཧེ་ལུང་ཅང་ཡ་པུའུ་ལི་གངས་ཤུད་ར་བར་འགོ་ཚུགས་ཤིང་། པེ་ཅིང་དང་། ཧྲན་ཏུང་། ཀུའེ་ཀྲོའུ། ཧེ་ལུང་ཅང་། ཤིན་ཅང་། བོད་ལྗོངས་སོགས་ཞིང་ཆེན་དང་གྲོང་ཁྱེར་10ཡི་འཐུས་མི་རུ་ཁག་གི་ལུས་རྩལ་པ་58(སྐྱེས་པ་39དང་བུད་མེད་19)འགྲན་བསྡུར་ནང་ཞུགས་པ་དེའི་ནང་བོད་ཀྱི་ལུས་རྩལ་པ་22(སྐྱེས་པ་16དང་བུད་མེད་6)ཡོད། ཉིན་འགའི་འགྲན་རྩོད་དྲག་པོ་བྱས་པ་བརྒྱུད། བོད་ཀྱི་བདམས་ཐོན་པར་གསེར་གྱི་རྟགས་མ་4དང་། དངུལ་གྱི་རྟགས་མ་2 ཟངས་ཀྱི་རྟགས་མ་3 དེ་བཞིན་ཨང་བཞི་པ་1དང་། ཨང་ལྔ་པ་2 ཨང་དྲུག་པ་4 ཨང་བདུན་པ་4 ཨང་བརྒྱད་པ་4བཅས་ཀྱི་གྲུབ་འབྲས་བཟང་པོ་ཐོབ་ཡོད།

ཐད་དཔྱང་མྱུར་འགྲན་གྱི་བུད་མེད་ཚོགས་ཆུང་གི་འགྲན་བསྡུར་ནང་ཚེ་བརྟན་གཡུ་སྒྲོན་ལ་ཨང་དང་པོ་དང་། བུ་མོ་ཨ་ཉིར་ཨང་གསུམ་པ། བདེ་སྐྱིད་ལྷ་འཛོམས་ལ་ཨང་དྲུག་པ། བཀྲ་ཤིས་བདེ་སྐྱིད་ལ་ཨང་བདུན་པ། གནམ་གང་བུ་ཁྲིད་ལ་ཨང་བརྒྱད་པ་བཅས་ཐོབ་ཡོད། སྐྱེས་པའི་ཚོགས་ཆུང་གི་འགྲན་བསྡུར་ནང་པད་མ་བསྟན་འཛིན་ལ་ཨང་བདུན་པ་ཐོབ་ཡོད། བར་ཐག་ཐུང་བའི་བུད་མེད་ཚོགས་ཆུང་གི་འགྲན་བསྡུར་ནང་ཚེ་བརྟན་གཡུ་སྒྲོན་ལ་ཨང་དང་པོ་དང་། བུ་མོ་ཨ་ཉིར་ཨང་གསུམ་པ། བཀྲ་ཤིས་སྒྲོལ་མར་ཨང་བཞི་པ། གནམ་གང་བུ་ཁྲིད་ལ་ཨང་ལྔ་པ། བདེ་སྐྱིད་ལྷ་འཛོམས་ལ་ཨང་བརྒྱད་པ་བཅས་ཐོབ་ཡོད། སྐྱེས་པའི་ཚོགས་ཆུང་གི་འགྲན་བསྡུར་ནང་འཇམ་དབྱངས་བློ་གྲོས་ལ་ཨང་དྲུག་པ་དང་དཀོན་མཆོག་བསམ་གཏན་ལ་ཨང་བརྒྱད་པ་ཐོབ་ཡོད། མཉམ་བསྲེས་མཐུད་རྒྱུག་འགྲན་བསྡུར་ནང་རང་ལྗོངས་ཀྱི་རུ་ཁག་6འགྲན་བསྡུར་ནང་ཞུགས་ནས་གསེར་དང་དངུལ་ཟངས་བཅས་ཀྱི་རྟགས་མ་ཚང་མ་ཐོབ་ཡོད། མི་སྒེར་གྱི་བྱེས་བགྲོད་བུད་མེད་ཚོགས་ཆུང་གི་འགྲན་བསྡུར་ནང་ཚེ་བརྟན་གཡུ་སྒྲོན་ལ་ཨང་དང་པོ་དང་། བུ་མོ་ཨ་ཉིར་ཨང་གཉིས་པ་ཐོབ་ཡོད་པ་རེད།