ལོ་65ཡི་གོང་། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པར་བཟོས་ཏེ་བོད་ཀྱི་ལོ་རྒྱུས་ཐོག་གི་རླབས་ཆེ་ཤོས་དང་གཏིང་ཟབ་ཤོས་ཀྱི་སྤྱི་ཚོགས་འཕོ་འགྱུར་འགྲོ་འགོ་ཚུགས་ཡོད། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པ་དང་རང་ཁྱིམ་རང་བདག་བྱུང་ནས་ལེའུ་གསར་པ་དངོས་སུ་བརྩམས་ཏེ་བོད་ཀྱི་ས་གཞི་ཆེན་པོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།
དཔལ་འབྱོར་འཕེལ་རྒྱས་མཆོང་སྐྱོད་བྱུང་།
1959ལོར་བོད་ཀྱི་GDPསྒོར་དུང་ཕྱུར་1.74ལས་ཟིན་གྱི་མེད་པ་དང་2023ལོར་སྒོར་དུང་ཕྱུར་2392.7ཟིན་ཡོད།
ལྡབ་1300ལྷག་ཙམ་གྱི་འགྱུར་ལྡོག་དེ་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་བསྒྱུར་ནས་སྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། བློ་བརྟན་འགྱུར་མེད་ངང་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་བར་བརྟེན། དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་ཇེ་ཆེར་འཕེལ་ཡོད།
དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་བོད་དུ་ཧ་ལམ་བཟོ་ལས་དར་མེད། ལོ་65ཡི་རིང་། རྒྱལ་ཁབ་ཀྱི་སྐུལ་ཁྲིད་ཤུགས་ཆེན་འོག་བོད་ཀྱི་བཟོ་ལས་ཐད་ནུས་རྒྱུ་གཙང་མ་དང་། ཨར་སྐྲུན་རྒྱུ་ཆ། བོད་ལུགས་གསོ་རིག རང་བྱུང་འཐུང་ཆུ། ཞིང་འབྲོག་ཐོན་རྫས་ལས་སྣོན། མཐོ་གསར་ལག་རྩལ་བཟོ་སྐྲུན་སོགས་ཀྱིས་གཙོས་པའི་ཁྱད་ལྡན་བཟོ་ལས་ཀྱི་ཐོན་ལས་མ་ལག་བཙུགས་ནས། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གསར་དར་བཟོ་ལས་དང་ཆ་འཕྲིན་ཅན་གྱི་འཕེལ་རྒྱས་ཀྱི་ལམ་བུར་རིམ་གྱིས་བསྐྱོད་ཡོད། 2023ལོར་རང་ལྗོངས་ཀྱི་ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར་882.97ཟིན་ནས་7.7%འཕར་ཡོད།
ཡུལ་སྐོར་ལས་རིགས་ནི་རང་ལྗོངས་ཀྱི་ཐོན་ལས་གསུམ་པའི་སྣེ་འདྲེན་ཞབས་ཞུའི་ལས་རིགས་ཤིག་ཡིན་ཞིང་། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་ལོ་མང་འཕེལ་རྒྱས་བཏང་བ་བརྒྱུད། བོད་ཀྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་གྱུར་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། 2023ལོར་ལྗོངས་ཡོངས་ཀྱིས་ལོ་ཧྲིལ་པོར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་5516.97ལ་སྣེ་ལེན་ཞུས་པ་དེ་ལོ་གོང་མ་ལས་83.7%འཕར་བ་དང་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་651.46ཟིན་ནས་མང་ཚོགས་དེ་བས་མང་བ་ཡུལ་སྐོར་ལ་བརྟེན་ནས་ཕྱུག་འགྱུར་ལམ་བུར་བསྐྱོད་ཡོད།
སྤྱི་ཚོགས་རྣམ་པ་དེ་བས་གསར།
ད་ཆ་བོད་དུ་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་སྤྱིར་ན་འཐུས་སྒོ་ཚང་བ་དང་། སྡོད་ཁང་གི་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། གྲོང་ཚོའི་ཁོར་ཡུག་གཙང་ལ་མཛེས་སྡུག་ལྡན་པ། ཐག་རིང་ལུང་ཁུག་གི་ཞིང་འབྲོག་མང་ཚོགས་མང་པོ་ཞིག་ཁང་པ་གསར་པར་སྤོས་པ། ཆུ་ཀ་ལ་དང་། བརྙན་འཕྲིན། རླངས་འཁོར་སོགས་ཡོད་པ་མ་ཟད། གྲོང་ཁྱེར་དང་འདྲ་བར་དྲ་བ་ཡང་སྤྱོད་ཐུབ་ཡོད།
མང་ཚོགས་རྣམས་སྡོད་ཁང་གསར་པར་བག་ཕེབས་ངང་སྡོད་རྒྱུ་བྱུང་བ་དེ་ནི་ས་མཐོར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་འཕོ་འགྱུར་མཚོན་པའི་བསྡུས་རིས་ཙམ་ཞིག་རེད། ལོ་65ཡི་རིང་། བོད་ཀྱི་འགྲིམ་འགྲུལ་དང་། ནུས་རྒྱུ། ཆུ་བེད་སོགས་རྨང་གཞིའི་སྒྲིག་བཀོད་ཚང་མར་འགྱུར་ལྡོག་ཆེན་པོ་བྱུང་ཡོད།
མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་པ་དེས་བོད་ལ་ལྕགས་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་དང་། ལྷ་ས་ནས་གོང་དཀར་གནམ་ཐང་བར་གྱི་མྱུར་བགྲོད་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དེས་བོད་དུ་རིམ་མཐོའི་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ། མེ་ཏོག་རྫོང་དུ་རླངས་འཁོར་ཤར་གཏོང་ཐུབ་ནས་ལོ་བཅུ་སོང་བས་ཁེར་ཆགས་གླིང་ཕྲན་སྔ་ས་ནས་འཛམ་གླིང་དང་འབྲེལ་མཐུད་ཐུབ་ཡོད། ལ་ལྷོ་ཆུ་བེད་ལྟེ་བའི་ལས་གྲྭ་དང་དེ་བཞིན་ལེ་ལག་ཚང་བའི་ཞིང་ཆུ་འདྲེན་ཁུལ་གྱི་ལས་གྲྭའི་ཆུ་འདྲེན་ཁུལ་ཆེ་གྲས་བཞི་ནས་ཆུ་བདེ་བླག་ངང་གཏོང་འགོ་ཚུགས་ཡོད། རྒྱལ་ཁབ་ནུས་རྒྱུ་ཚོགས་པ་བོད་ལྗོངས་ནག་ཆུ་གསེར་རྙེད་ཆུས་འོ་མ་དེང་དགེ་གྲོང་ཚོའི་ཀྲའོ་ཝ་100ཡི་རླུང་གློག་རྣམ་གྲངས་དྲ་སྦྲེལ་གློག་གཏོང་གི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་ཕྱིན་ནས་གངས་ལྗོངས་ས་མཐོ་དང་ནང་སའི་ཞིང་ཆེན་དང་། གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་དང་ཐ་ན་འཛམ་གླིང་དང་འབྲེལ་མཐུད་ཐུབ་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་དང་། མགྱོགས་མྱུར། སྐྱོན་བྲལ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ནུས་ལྡན་ཐེབས་ཡོད།
དམངས་ཀྱི་འཚོ་བ་བདེ་སྐྱིད་ལྡན།
བོད་རྙིང་པར་སྐུ་དྲག་གི་བུ་ཕྲུག་ཁོ་ནར་སློབ་གསོ་མྱོང་བའི་དམིགས་བསལ་གྱི་དབང་ཆ་ཡོད། ད་ཆ་བོད་དུ་སློབ་ཞུགས་གོང་གི་སློབ་གསོ་དང་། རྨང་གཞིའི་སློབ་གསོ། ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ། དར་མའི་སློབ་གསོ། དམིགས་བསལ་སློབ་གསོ་བཅས་ཁྱབ་པའི་དེང་རབས་ཀྱི་སློབ་གསོའི་མ་ལག་ཆ་ཚང་སྔ་ས་ནས་བཙུགས་ཡོད་ལ། རྒྱལ་ཡོངས་ཀྱི་སྔོན་དུ་བུ་བཅོལ་ཁང་ནས་སློབ་ཆུང་དང་། དམའ་རིམ་སློབ་འབྲིང་ནས་མཐོ་འབྲིང་བར་གྱི་ལོ་15ཡི་གཞུང་གྲོན་སློབ་གསོའི་མ་ལག་བཙུགས་པ་མ་ཟད། སློབ་གྲྭ་ཚང་མར་དྲོད་རླངས་མཁོ་འདོན་ཐུབ་ནས་ས་མཐོའི་ཕྲུ་གུ་ཚོས་འདྲ་མཉམ་གྱི་སློབ་གསོའི་དབང་ཆ་ལོངས་སུ་སྤྱོད་བཞིན་ཡོད།
བོད་རྙིང་པར་རྒྱ་ཆེའི་ཞིང་བྲན་དང་བྲན་གཡོག་ལ་ནད་གཞི་ཕོག་ཀྱང་དུས་ཐོག་ཏུ་སྨན་བཅོས་མི་ཐུབ་པས་མི་རེའི་ཆ་སྙོམས་ཚེ་ཚད་ལོ་35.5ལས་ཟིན་གྱི་མེད། ད་ཆ་བོད་ལྗོངས་ཀྱི་མི་འབོར་ཁྲི་360ལྷག་ཙམ་ཟིན་པ་དང་། ལྷ་སས་ལྟེ་བར་བྱས་པའི་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཏུ་བོད་ལུགས་གསོ་རིག་དང་། ཕྱི་ལུགས་གསོ་རིག ཀྲུང་ལུགས་གསོ་རིག་བཅས་ཟུང་དུ་འབྲེལ་བའི་སྤྱི་པའི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུའི་མ་ལག་ཁྱབ་ནས། “ནད་ཆུང་རྫོང་ནས་བཅོས་པ་དང་། ནད་འབྲིང་ས་ཁུལ་ནས་བཅོས་པ། ནད་ཆེན་རང་སྐྱོང་ལྗོངས་ནས་བཅོས་པ”བཅས་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་སྟེ་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་72.19བར་རིང་དུ་ཕྱིན་ཡོད།
ལོ་འདི་དག་རིང་བོད་ཀྱིས་དམངས་འཚོའི་དོན་དངོས་རེ་རེ་བཞིན་བསྒྲུབས་པར་བརྟེན། ས་མཐོའི་མང་ཚོགས་ཀྱི་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་བཞིན་ཡོད། 2023ལོར་རང་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར་137བཏང་ནས་དམངས་འཚོའི་བྱ་བ་དངོས་ཁག་21ལག་ལེན་བསྟར་འཆར་ཡོད་ཅིང་། དེའི་ནང་དམངས་འཚོའི་ཁ་གསབ་ཁག་13སྔར་བས་མང་དུ་བཏང་བ་དང་། མཐའ་མཚམས་མང་ཚོགས་ལ་ཁ་གསབ་རོགས་རམ་དང་མཐའ་སྲུང་མི་སྣའི་ཁ་གསབ་སྲིད་ཇུས་ཁག་2འཐུས་སྒོ་ཚང་དུ་བཏང་བ། སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་དེ་གཙོ་གནད་རྫོང་དུ་རྒྱ་སྐྱེད་དང་། ས་བབ་མཐོ་ཚད་སྨི་3500ཡན་གྱི་མཐའ་མཚམས་རྫོང་གྲོང་དང་ཤང་གྲོང་དུ་གསོ་རླུང་མཁོ་འདོན་གྱི་སྒྲིག་ཆས་བསྒར་བ། ས་མཐོའི་ནུས་མང་གཡོས་སྦྱོར་ཐབ་ཆས་ཁྱབ་གདལ་གཏོང་བ་སོགས་བྱ་བ་དངོས་ཁག་6ལ་རྒྱབ་སྐྱོར་བྱས་ཡོད།
ད་ཆ་ས་མཐོའི་བུ་ཕྲུག་ཚོས་ཏང་གི་གཟིགས་སྐྱོང་སྲིད་ཇུས་བཟང་པོའི་འོག་དབུལ་ཕོངས་རྗེས་ལུས་ཀྱི་བོད་རྙིང་པ་དེ་དཔལ་འབྱོར་དར་རྒྱས་གོང་འཕེལ་དང་། སྤྱི་ཚོགས་ཕྱོགས་ཡོངས་ཡར་རྒྱས། སྐྱེ་ཁམས་ཁོར་ཡུག་བཟང་བ། མི་དམངས་ཀྱི་འཚོ་བ་བདེ་སྐྱིད་དང་ལྡན་པ་བཅས་ཀྱི་བོད་ལྗོངས་གསར་པ་ཞིག་ཏུ་བསྐྲུན་ཡོད།