《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年03月28日

ཡང་བསྐྱར་གླུ་ཞིག་བླངས་ནས་ཏང་ལ་འབུལ་།

ལོ་65ཡི་གོང་། ལོ་16ལ་སླེབས་པའི་ཞིང་བྲན་བསོད་ནམས་དོན་གྲུབ་མུན་ནག་གི་འཚོ་བ་སྐྱེལ་མཇུག་འགྲིལ་ནས་མི་ཚེའི་ནང་གི་འོད་ཟེར་ལྡན་པའི་ལོ་ཟླ་བསུས་ཡོད། ཞིང་བྲན་ཁྲི་ཚོ་བརྒྱའི་ལས་དབང་ལ་འགྱུར་ལྡོག་གཏོང་བའི་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་ནི་བསོད་ནམས་དོན་གྲུབ་སྡོད་སའི་ཁེ་གསུམ་གྲོང་ཚོ་ནས་འགོ་ཚུགས་པ་དང་། བསོད་ནམས་དོན་གྲུབ་དང་ཡར་ལངས་ཞིང་བྲན་442ལ་ས་ཞིང་རག་སྟེ་རང་ཉིད་ཀྱི་བདག་པོར་གྱུར་ཡོད།

དུས་དེ་ནས་བཟུང་ཞིང་བྲན་ཁྲི་ཚོ་བརྒྱ“སྐད་ཆ་ཤོད་ཤེས་པའི་དུད་འགྲོ”མིན་པར་མི་ཞིག་བྱེད་པའི་རང་དབང་དང་ལ་རྒྱ་དངོས་འབྲེལ་ཐོབ་ནས་རྒྱལ་ཁབ་དང་། བོད་ལྗོངས། རང་ཉིད་ཀྱི་ལས་དབང་བཅས་ཀྱི་བདག་པོ་ངོ་མར་གྱུར་ཡོད། ཁེ་གསུམ་གྲོང་ཚོའི་བཅོས་སྒྱུར་གྱི་མེ་སྟག་རིམ་བཞིན་གངས་ལྗོངས་ས་མཐོའི་ས་ཕྱོགས་གང་སར་ཁྱབ་ནས་སྡུག་བསྔལ་བདེ་ལ་འཁོད་པའི་བདེ་སྐྱིད་ལྡན་པའི་འཚོ་བ་བསུས་ཡོད།

“དུས་དེ་ནས་བཟུང་ངའི་མི་ཚེ་འོད་ཟེར་སྟོང་ལྡན་གྱི་མི་ཚེར་འགྱུར”ཞེས་བསོད་ནམས་དོན་གྲུབ་ཀྱིས་བརྩེ་སེམས་ཟབ་མོས་བཤད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྔར་ལས་ལྷག་པའི་མཐོ་ཚད་གསར་པར་བཞག་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་ཀྱི་ལས་དོན་ལ་ཁ་སྒྱུར་ཕྱོཌ་སྟོན་དང་ཐབས་འདོན་ཇུས་འབུལ་གནང་བ་དང་། སྐུ་ངོ་མ་བོད་དུ་ཕེབས་ནས་གཟིཌ་ཞིབ་དང་མཛུབ་ཁྲིད་གནང་བ། གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ། སྐུ་ངོ་མས་ཇུས་འགོད་དང་བཀོད་སྒྲིག་གནང་སྟེ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུཌ་མོལ་ཚོགས་འདུ་ཐེངས་དྲུག་པ་དང་ཐེངས་བདུན་པ་སྐོང་ཚོགས་གནང་བ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཏོན་གནང་བ་བཅས་ལས་བོད་ཀྱི་ལས་དོན་ལ་མདུན་སྐྱོད་ཀྱི་ཁ་ཕྱོཌ་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།

གྲངས་གཞི་ནི་དཔང་རྟགས་ཡག་ཤོས་རེད། 2023ལོར་རང་ལྗོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་2300ལྷག་ཙམ་ཟིན་ནས་9%ལྷག་ཙམ་འཕར་བ་དང་མི་རེར་ཆ་སྙོམས་སྒོར་ཁྲི་6ལས་བརྒལ་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་5དང་སྒོར་ཁྲི་2ལས་བརྒལ་ཡོད། འོན་ཀྱང་ལོ་65ཡི་གོང་བོད་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1.74ལས་ཟིན་གྱི་མེད་པ་དང་མི་རེར་ཆ་སྙོམས་སྒོར་142ལས་ཟིན་གྱི་མེད།

དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། བོད་ལྗོངས་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་པ་ལྟ་བུ་ཡིན།

བོད་རྙིང་པར་རྟ་དྲེལ་དང་ཁལ་གཡག་འགྲོ་སའི་གནའ་ལམ་ཕུད་དེང་རབས་ཀྱི་དོན་སྙིང་ལྡན་པའི་གཞུང་ལམ་ངོ་དྲགས་པ་གཅིག་ཀྱང་མེད་པ་དང་། དུས་ཡུན་རིང་པོར་སྒོ་རྒྱག་གི་གནས་སུ་ལུས་ནས་འཕེལ་རྒྱས་དང་འཛུགས་སྐྲུན་ཧ་ཅང་རྗེས་སུ་ལུས་ཡོད། “གཞུང་ལམ་ལྷ་སའི་བར་སྐྲུན་དགོས”པའི་དད་སེམས་ལ་བརྟེན་ནས་ལོ་60ལྷག་ཙམ་གོང་གུང་ཁྲན་ཏང་མིས་མི་རིགས་ཁག་གི་ལམ་བཟོ་བ་དམག་དམངས་ཁྲི་བཅུ་ལྷག་ཙམ་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས“དཀའ་ཚེགས་ཆེ་བའི་ཁུལ”དུ་བསྐྱོད་དེ། ཁྲོན་བོད་གཞུང་ལམ་དང་མཚོ་བོད་གཞུང་ལམ་བསྐྲུན་ནས་བོད་དུ་དེང་རབས་ཀྱི་དོན་སྙིང་ལྡན་པའི་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་དང་འཛམ་གླིང་གཞུང་ལམ་ལོ་རྒྱུས་ཐོག་གི་ངོ་མཚར་བཏོད་ཡོད་ལ། “གཅིག་ནས་དཀའ་ངལ་ལ་མི་སྐྲག་པ་དང་། གཉིས་ནས་འཆི་རྒྱུར་མི་སྐྲག་པ། དཔའ་ངར་ཆེར་བསྐྱེད། རྨང་རྡོ་བྱེད་འདོད་པ། དམག་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ་བ། མི་རིཌ་མཐུན་སྒྲིལ”བཅས་ཀྱི“ལམ་གཉིས”ཀྱི་སྙིང་སྟོབས་ཀྱང་བཏོད་ཡོད།

ད་ཆའི་བོད་དུ་བདེ་སྐྱིད་ཀྱིས་ཁེངས་ཡོད།

མིག་སྔར་ལྗོངས་ཡོངས་ཀྱི་གཞུང་ལམ་ལམ་ཐག་སྤྱི་ལེ་ཁྲི་12.14ཟིན་པ་དང་། ལྕགས་ལམ་ལམ་ཐག་སྤྱི་ལེ་1359ཟིན་པ། རྒྱལ་སྤྱི་དང་རྒྱལ་ནང་གི་མཁའ་ལམ་ཁག་169ཟིན་པ་ལ་སོགས་བོད་དུ་འགྲིམ་འགྲུལ་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་ཤར་གཏོང་། འགྲོ་སྐྱོད་ནས་འགྲུལ་བཞུད། རྟ་དྲེལ་དང་ཁལ་གཡག་གིས་སྐྱེལ་འདྲེན་བྱེད་པའི་གདོད་མའི་འགྲིམ་འགྲུལ་ནས་གཞུང་ལམ་དང་། མཁའ་འགྲུལ། ལྕགས་ལམ་བཅས་ཀྱི་ཕྱོགས་བསྡུས་དེང་རབས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་བར་འཕེལ་རྒྱས་ཕྱིན་ནས། དུས་རབས་གསར་པའི“ལམ་གཉིས”ཀྱི་སྙིང་སྟོབས་བོད་དུ་དེ་བས་བཀྲག་མདངས་འཚེར་བར་གྱུར་ཡོད།

1994ལོར། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་འཚོགས་ནས་བོད་ལ་ཁ་གཏད་རོགས་སྐྱོར་བྱེད་འགོ་ཚུགས།

ལོ་30ཡི་རིང་། བོད་སྐྱོར་ལས་བྱེད་པ་ཁག་དང་ཁག་བྱས་པས་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ། གངས་ལྗོངས་ས་མཐོར་གཞི་ཚུཌ་པ་དང་འབད་འཐབ་བྱས་ནས“གསར་བརྗེའི་ཕུགས་བསམ་དགུང་སྔོན་ལས་མཐོ་བའི”བོད་སྐྱོར་སྙིང་སྟོབས་སྐྱེད་སྲིང་བྱས་ཡོད། ཁོང་ཚོས་རང་འགུལ་ངང“གངས་ལྗོངས་ཀྱི་འཕོ་འགྱུར་ལ་སྐུལ་འདེད་གཏོང་བ་དང་། གངས་ལྗོངས་ཀྱི་རྣམ་པ་གསར་གཏོད”ཀྱི་ལོ་རྒྱུས་ཀྱི་ལས་འགན་ལྕི་པོ་ཁུར་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས“དོན་ཆེན་བཞི”དོན་འཁྱོལ་བྱེད་པར་ལེགས་སྐྱེས་ཆེན་པོ་ཕུལ་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་འགན་འཁྲི་དང་གཟི་བརྗིད་མཚོན་པར་བྱས་ཡོད།

དམངས་གཙོའི་བཅོས་སྒྱུར་ནི་དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་དང་མཐུན་ལ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་འདུན་པ་དང་མཐུན་ཞིང་། བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་དངོས་ཀྱི་དགོས་མཁོ་དང་མཐུན་པ་ལག་ལེན་དངོས་ལས་ར་སྤྲོད་གང་ལེགས་བྱས་ཡོད། དམངས་གཙོའི་བཅོས་སྒྱུར་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་དངོས་འབྲེལ་བདེ་སྐྱིད་སྐྲུན་པའི་བྱ་གཞག་རླབས་པོ་ཆེ་ཞིག་རེད།

བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་དང་རྒྱལ་ཡོངས་ཀྱི་སྤུན་ཟླ་ཞིང་ཆེན་དང་གྲོང་ཁྱེར་ཁག་གི་སྒེར་སེམས་མེད་པའི་རོགས་སྐྱོར་འོག ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས“ལམ་གཉིས”ཀྱི་སྙིང་སྟོབས་དང་། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས། “བོད་སྐྱོར་སྙིང་སྟོབས”བཅས་ཀྱི་ཁྲོད་ནས་རྒྱུན་ཆད་མེད་པའི་བསམ་པའི་འཚོ་བཅུད་བླངས་ཏེ། མཐུན་སྒྲིལ་ཡར་བརྩོན་དང་མུ་མཐུད་འབད་འཐབ་བྱས་ནས་འཕེལ་རྒྱས་ཀྱི་ངོ་མཚར་རེ་རེ་བཏོད་ཡོད། མིག་སྔའི་བོད་དུ་སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་། དཔལ་འབྱོར་འཛུཌ་སྐྲུན་མགྱོཌ་མྱུར་འཕེལ་རྒྱས། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བ། མི་རིགས་འཆམ་མཐུན་དང་ཆོས་ལུགས་ཞི་མཐུན། རིག་གནས་བྱ་གཞག་དར་རྒྱས་ཡར་ཐོན། སྐྱེ་ཁམས་བདེ་འཇཌ་སྲུང་བཅད་ཉིན་བཞིན་བརྟན་དུ་ཕྱིན་པ། མཐའ་མཚམས་སྲ་བརྟན་དང་བདེ་འཇགས། ཏང་འཛུགས་སྐྱོང་ལ་སྤྱི་ཡོངས་ནས་ཤུགས་སྣོན་ཐེབས་པ་བཅས་བྱུང་ནས། རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཡར་ལངས་པ་དང་ཕྱུག་པོ་ཆཌ་པ་ནས་སྟོབས་ཆེར་ཕྱིན་པའི་བར་གྱི་མཆོང་སྐྱོད་རླབས་པོ་ཆེ་བསུས་ཡོད།

མ་འོངས་པར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་ལམ་བུར་སྐྱོད་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འོད་སྟོང་འཕྲོ་བའི་ལེའུ་མུ་མཐུད་རྩོམ་པར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།