འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་26ཉིན་གནས་ཚུལ་འབྱོར་གསལ། ཚེས་26ཉིན་ལྗོངས་ཏང་ཨུད་རྩ་འཛུགས་པུས་ཚོགས་འདུ་འཚོགས་ཏེ། ལས་བྱེད་པ་གྲོང་སྡོད་ཀྱི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་དང་། 《བོད་རང་སྐྱོང་ལྗོངས་ཀྱི་གྲོང་སྡོད་ལས་བྱེད་པ་འདེམས་མངགས་དོ་དམ་ལག་བསྟར་བྱ་ཐབས(ཚོད་ལྟའི་ལག་བསྟར)》ལ་གྲོས་ཞིབ་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཆའོ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ལའེ་ཅའོ་ཡིས། ལས་བྱེད་པ་གྲོང་སྡོད་ལས་དོན་དེ་ལས་བྱེད་པར་སྦྱོང་བརྡར་དང་གསོ་སྐྱོང་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ལ་བརྩི་རྒྱུ་མཐའ་འཁྱོངས་དང་ལེགས་ཁྲོད་ལེགས་འདེམས་མཐའ་འཁྱོངས་ཀྱིས་མདུན་ལམ་ཡོད་པའི་ཕུལ་བྱུང་ལས་བྱེད་པ་དང་ན་གཞོན་ལས་བྱེད་པ་གཤམ་སྐྱོད་བྱེད་དུ་བཅུག་ནས། གཞི་རིམ་གྱི་འཐབ་ས་དང་པོར་བསམ་བློར་ཞུན་བརྡར་དང་། ཉམས་སད་ཐེག་པ། སྦྱོང་བརྡར་དང་ལེན། ནུས་པ་ཆེར་གཏོང་བཅས་བྱེད་དགོས་པ་དང་། གྲོང་སྡོད་ལས་བྱེད་པ་འདེམས་མངགས་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་དང་། ཞབས་ཞུ་འགན་ལེན། དཔྱད་ཞིབ་དཔྱད་དཔོག ལས་དོན་སྙན་ཞུ། ལྟ་སྐུལ་ཞིབ་བཤེར་སོགས་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་གཏོང་བ་དང་འབྲེལ་སྒྲིག་འཛུགས་ལག་བསྟར་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས་པ། གྲོང་ཚོ་རེར་ཐབས་ཇུས་རེ་དང་ལས་དོན་རུ་ཁག་དང་གྲོང་ཚོ་ཕན་ཚུན་འཆམ་མཐུན་གྱི་བླང་བྱ་ལྟར་གྲོང་སྡོད་ཧྲུའུ་ཅི་དང་པོ་དང་ལས་དོན་རུ་ཁག་འདེམས་མངགས་བྱེད་པ་དང་ཏང་ཡོན་དང་མང་ཚོགས་ལས་བྱེད་པ་རྗེས་ལུས་གྲོང་ཚོར་སྐྱོད་པ་དང་། དཔལ་འབྱོར་ལས་བྱེད་པ་ཉམས་ཞན་གྲོང་ཚོར་སྐྱོད་པ། སྲིད་ཁྲིམས་ལས་བྱེད་པ་རྙོག་འཛིང་ཆེ་བའི་གྲོང་ཚོར་སྐྱོད་པ། ཞིང་འབྲོག་ལས་བྱེད་པ་ཐོན་ལས་གྲོང་ཚོར་སྐྱོད་པ། ཚན་རྩལ་ལས་བྱེད་པ་ཆེད་ལས་གྲོང་ཚོར་སྐྱོད་པ་བཅས་མཐའ་འཁྱོངས་ཀྱིས་གྲོང་ཚོའི་གནས་ཚུལ་ལ་གཞིགས་ཏེ་མི་མངགས་པ་དང་མི་དང་ལས་གནས་འཚམ་པོ་ཡོང་བར་བྱེད་དགོས་པ། མང་ཚོགས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་། ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་བ། གཞི་རིམ་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པ། དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་པ་བཅས་བྱེད་པ་དང་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་གྲོང་སྡོད་ལས་དོན་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་བཏང་ནས། “འཛུགས་གཏོད་བཞིར”སྐུལ་འདེད་གཏོང་ཆེད་གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ་དང་འགན་ལེན་བརྟན་པོ་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།
(ལྷག་ཚེ་དང་པ་ཕན་གྱིས་སྒྱུར་ཞུས་བྱས)