《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年03月28日

རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་རྟེན་འབྲེལ་བྱེད་སྒོའི་གྲ་སྒྲིག་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་དྲིལ་བསྒྲགས་རིག་རྩལ་ཚོགས་ཆུང་གི་སྐུལ་སྤེལ་ཚོགས་འདུ་ཐེངས་དང་པོ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་26ཉིན་གནས་ཚུལ་འབྱོར་གསལ། ཚེས་25ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཡིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་རྟེན་འབྲེལ་བྱེད་སྒོའི་གྲ་སྒྲིག་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་དྲིལ་བསྒྲགས་རིག་རྩལ་ཚོགས་ཆུང་གི་སྐུལ་སྤེལ་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་ནས་བྱེད་སྒོ་གལ་ཆེན་དང་། རྣམ་གྲངས་གལ་ཆེན། བརྗོད་བྱ་གལ་ཆེན་གསར་རྩོམ་སོཌ་རྣམ་གྲངས་ལག་ལེན་བསྟར་རྩིས་ཡོད་པའི་འབྲེལ་ཡོད་ཚན་ཁག་གི་ལས་ཀའི་གནས་ཚུལ་སྙན་སེང་གསན་པ་དང་འབྲེལ། གོམ་སྟབས་རྗེས་མའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག་བསྟན་དོན། ཕྱི་ལོ་ནི་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་ལོ་ཞིག་ཡིན་པ་དང་། རྟེན་འབྲེལ་བྱེད་སྒོ་གྲ་སྒྲིག་ཡག་པོ་བྱེད་པ་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་རེད། དྲིལ་བསྒྲགས་རིག་རྩལ་ཚོགས་ཆུང་གིས་ཆབ་སྲིད་ཀྱི་འགན་འཁྲི་དང་ལས་འགན་གལ་ཆེན་འཁུར་ཡོད་པས། དེ་གོ་སྐབས་སུ་བཟུང་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ཀྱི་སྒྱུར་བཅོས་དང་། འཛུགས་སྐྲུན། འཕེལ་རྒྱས་བཅས་ཀྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུ་གཅིག་སྡུད་ཐོག་མཚོན་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་ཤུགས་ཆེན་གནང་བ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་དང་བྱམས་སྐྱོང་གནང་ལུགས་གཙོ་གནད་ཐོག་མངོན་པ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱས་ཏེ“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བར་ཐོབ་པའི་འཕེལ་རྒྱས་དང་གྲུབ་འབྲས་གསར་པ་ཕྱོགས་ཡོངས་ནས་མཚོན་པ་བཅས་བྱེད་དགོས།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ལས་ཀའི་གཙོ་གནད་དང་ཁ་ཕྱོགས་སྟངས་འཛིན་ཡང་དག་བྱེད་པ་དང་། དྲིལ་བསྒྲགས་རིག་རྩལ་ཚོགས་ཆུང་གི་སྤྱི་འདོམས་མཐུན་སྦྱོར་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ཕྱོགས་ཁག་གི་ཐོན་ཁུངས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱས་ཏེ་ལས་དོན་ཁག་སྔོན་ཚུད་ནས་ཇུས་འགོད་དང་གྲ་སྒྲིག་བྱེད་དགོས། ནུས་ཆེ་དང་། གྲོན་ཆུང་། གཟབ་རྒྱས། སྤྲོ་སེམས་འཁོལ་བ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་གསར་གཏོད་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། སྤུས་ལེགས་བརྩམས་ཆོས་འདོན་པ། མང་ཚོགས་ཞུགས་པའི་སྤྲོ་སེམས་འཕེལ་བ་བཅས་བྱས་ནས་ལེ་ཚན་གསར་པ་ཡོད་པ་དང་བྱེད་སྒོ་ཡག་པོ་སྤེལ་ཐུབ་པའི་བརྩོན་ལེན་བྱེད་དགོས། ནང་ཁུལ་དྲིལ་བསྒྲགས་དང་ཕྱི་ཕྱོགས་དྲིལ་བསྒྲགས་དང་། དྲ་ཐོག་དང་དྲ་ཕྱིར་སྤྱི་འདོམས་ཡག་པོ་བྱས་ནས་བརྒྱུད་སྤེལ་གྱི་ཤུགས་རྐྱེན་ཆེ་རུ་གཏོང་བ་དང་། བོད་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་ནས་ཇི་མ་ཇི་བཞིན་དང་ཕྱོགས་ཡོངས་འཕེལ་རྒྱས་ཡར་ཐོན་གྱི་བོད་ལྗོངས་གསར་པ་འཛམ་གླིང་ཡོངས་ཀྱིས་ཤེས་ཚོར་ཐུབ་པར་བྱེད་དགོས། (ཚེ་བུས་བསྒྱུར། པ་ཚེས་ཞུས)