ནག་ཆུའི་སྲོལ་རྒྱུན་གྱི་ཞོ་ནི་ནག་ཆུའི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་བཟའ་བཅའ་ཞིག་རེད་ལ་ནག་ཆུའི་ཁྱད་ལྡན་ཐོན་རྫས་ཤིག་ཀྱང་རེད།
ཉིན་རེ་བཞིན་འཁྲུག་ཆ་དོད་ཏུ་འགྲོ་བའི་ཞོའི་ལས་རིགས་ཁྲོམ་རར་ནག་ཆུ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས“ཁག་གཅིག་བཅོས་སྒྲིག་དང་། ཁག་གཅིག་ཚད་ལྡན་དུ་གཏོང་བ། ཁག་གཅིག་ལེགས་སུ་གཏོང་བ”བཅས་ཀྱི་སྤྱིའི་བསམ་ཕྱོགས་ལྟར་ནག་ཆུ་གྲོང་ཁྱེར་གྱི་དཀར་ཆུའི་ཐོན་རྫས་ཐོན་སྐྱེད་ཁེ་ལས་གཅིག་དང་ཞོ་ཐོན་སྐྱེད་དང་ལས་སྣོན་བཟོ་ཁང་ཆུང་གྲས་268ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་གནས་བབ་ལ་དམིགས་ཏེ། ཕྱོགས་ཡོངས་ནས་སྲོལ་རྒྱུན་ཞོ་ལས་སྣོན་ལས་རིགས་ཚད་ལྡན་དུ་གཏོང་བ་དང་བཟའ་བཅའི་བདེ་འཇགས་ལ་འགན་ལེན་བྱས་ཏེ། ཞོ་ཐོན་སྐྱེད་དང་ལས་སྣོན་བཟོ་ཁང་ཆུང་གྲས་ཀྱི་བདེ་འཇགས་ཐོན་སྐྱེད་ཚད་གཞི་མཐོ་རུ་གཏོང་བ་དང་། ཐོན་ལས་ཀྱི་སྤུས་འཕར་རིམ་སྤོར་བྱེད་མགྱོགས་སུ་གཏོང་བ། ཁྲོམ་རའི་གསོན་ཤུགས་རྒྱུན་མཐུད་ངང་འཕེལ་བ་བཅས་བྱས་ནས་བཟའ་བཅའི་བདེ་འཇགས་འགན་ལེན་བྱས་པ་རེད།
བཟའ་བཅའི་བདེ་འཇགས་ནི་ཐམས་ཅད་ལས་ཀྱང་ལྷག ཞོའི་ཁྲོམ་ར་ཚད་ལྡན་དུ་གཏོང་བར་བཟའ་བཅའི་བདེ་འཇགས་གནས་བབ་ཨང་དང་པོར་འཇོག་དགོས། དེར་བརྟེན་ནག་ཆུ་གྲོང་ཁྱེར་གྱིས་ཞོའི་ཐོན་སྐྱེད་ལས་སྣོན་བཟོ་ཁང་ཆུང་གྲས་ཀྱི་གཉེར་སྐྱོང་བྱེད་པོ་སྒྲིག་འཛུགས་ཧུར་ཐག་བྱས་ནས་བཟའ་བཅའི་བདེ་འཇགས་ཐོན་སྐྱེད་ཀྱི་ཤེས་བྱ་གསོ་སྦྱོང་བྱས་ཏེ་གཉེར་སྐྱོང་བྱེད་མཁན་གྱི་བཟའ་བཅའི་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲིའི་འདུ་ཤེས་ཟབ་ཏུ་བཏང་བ་དང་སྦྲགས། ཞོ་ཐོན་སྐྱེད་དང་ལས་སྣོན་བཟོ་ཁང་ཆུང་གྲས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གི་ཆ་རྐྱེན་དང་བཟོ་རྩལ་ལག་རྩལ་ཟམ་མི་ཆད་པར་ལེགས་སུ་གཏོང་བར་ལྕག་སྐུལ་དང་རྒྱབ་སྐྱོར་བྱས་ནས་ཞོའི་ལས་རིགས་ཁྲོད“ནག་ཆུའི་སྤུས་རྟགས”བཏོད་ཡོད།
ཉེ་བའི་ལོ་ཤས་རིང་། ནག་ཆུའི་ཞོའི་ཁྲོམ་ར་ཟམ་མི་ཆད་པར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས། ཁྲོམ་རའི་དགོས་མཁོ་ཆེན་པོ་ཡོད་ལ་མདུན་ལམ་ཡང་ཡངས་པོ་ཡོད། ཡིན་ནའང་ཐོན་སྐྱེད་ཁེ་ལས་ཀྱི་འོས་ཐོབ་བཟང་ངན་མི་སྙོམས་པ་སོགས་ཀྱི་གནད་དོན་ཡོད་པ་རེད།
ནག་ཆུའི་ཞོའི་ཁྲོམ་ར་སྔར་བས་ཚད་ལྡན་དུ་གཏོང་ཆེད་ནག་ཆུ་གྲོང་ཁྱེར་གྱིས་ཕྱོགས་ཡོངས་ནས“ལག་ཁྱེར་བསྟན་ནས་ཚོང་གཉེར་དང་། བདེ་འཇགས་འགན་ལེན། བཟོ་ཁང་གཙང་སྦྲ་དང་ལྡན་པ། མ་བཅོས་རྒྱུ་ཆ་དཔྱད་བཤེར། འཛིན་ཡིག་ཉར་ཚགས། བཀོལ་སྤྱོད་ཚད་ལྡན། ཞིབ་བཤེར་ར་སྤྲོད། མཚོན་རྟགས་ཚད་ལྡན”བཅས་ཀྱི་བླང་བྱ་ཁག་བརྒྱད་ལག་བསྟར་བྱས་ཏེ། ཞོ་ཐོན་སྐྱེད་དང་ལས་སྣོན་འཁོར་ཁང་ཆུང་གྲས་ཀྱི་གཉེར་སྐྱོང་བྱེད་པོས་ཚན་རྩལ་དང་སྲོལ་རྒྱུན་གྱི་བཟོ་རྩལ་མཉམ་འདྲེས་བྱེད་པ་དང་། སྔོན་ཐོན་གྱི་ཐོན་སྐྱེད་སྒྲིག་ཆས་སོགས་ནང་འདྲེན་བྱས་ཏེ་དཀར་ཆུའི་ཐོན་རྫས་ཐོན་སྐྱེད་ཀྱི་སྤྱི་སྤྱོད་འཕྲོད་བསྟེན་ཚད་གཞིར་ནན་པོ་གཞིགས་ཏེ། ཐོན་སྐྱེད་སྒྲིག་འཛུགས་ལ་ལྕག་སྐུལ་དང་སྐུལ་ཁྲིད་བྱས་པས། ཐོན་རྫས་ཀྱི་གཙང་སྦྲ་དང་ཚད་གཞི་ལོན་པའི་ཁར་བདེ་འཇགས་ལྡན་ལ་བོད་བྱང་ཐང་གི་སྲོལ་རྒྱུན་གྱི་བྲོ་བ་ཡང་མ་བརླག་པ་བྱས་ཡོད།
དེ་དང་ཆབས་ཅིག་ནག་ཆུ་གྲོང་ཁྱེར་གྱིས་རྫོང(ཆུས)ཁག་གི་ཁྲོམ་ར་ལྟ་འདོམས་ཅུས་སྒྲིག་འཛུགས་བྱས་ནས་ཞོ་ཐོན་སྐྱེད་དང་ལས་སྣོན་གྱི་བཟོ་ཁང་ཆུང་གྲས་ཡོངས་བཤེར་མཐིལ་རྟོགས་བྱས་པ་དང་སྦྲགས། ཡིག་ཚགས་དང་གཱ་བཟོས་པ་རེད། ཆ་རྐྱེན་འཛོམས་པའི་བཟོ་ཁང་ཆུང་གྲས་ཀྱི་སྦྱིན་བདག་གིས་རང་འགུལ་ངང་ཐོ་འགོད་བྱེད་པར་སྣེ་ཁྲིད་བྱས་པ་དང་། ཆ་རྐྱེན་འཛོམས་མེད་ཀྱང་སྒྱུར་བཀོད་བྱེད་འདོད་ཡོད་པའི་བཟོ་ཁང་ཆུང་གྲས་ལ་མཛུབ་ཁྲིད་བྱས་ནས་ཐོ་འགོད་ཆ་རྐྱེན་འཛོམས་རྗེས་ཐོ་འགོད་བྱེད་པ། ཆ་རྐྱེན་འཛོམས་མེད་པའི་ཁར་སྒྱུར་བཀོད་བྱེད་འདོད་མེད་པའི་བཟོ་ཁང་ཆུང་གྲས་སྒོ་རྒྱག་ཏུ་བཅུག་པ་རེད།
དེའི་རྨང་གཞིའི་ཐོག་ནག་ཆུ་གྲོང་ཁྱེར་གྱིས་དཔེ་སྟོན་ས་ཚིགས་ཀྱི་གསོ་སྐྱོང་བྱ་ཡུལ་གཏན་འཁེལ་བྱས་ནས། མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་གཉེར་སྐྱོང་བྱེད་པོའི་ཐོན་སྐྱེད་ལས་གཉེར་ཆ་རྐྱེན་ལེགས་སུ་དང་དོ་དམ་ཆུ་ཚད་མཐོར་གཏོང་ཐད་རོགས་རམ་བྱས་ནས་བཟོ་ཁང་ཆུང་གྲས་ཀྱི་དཔེ་སྟོན་ས་ཚིགས་ཁག་གཅིག་བཏོད་པ་རེད།
2022ལོར་ཞོ་ཐོན་སྐྱེད་དང་ལས་སྣོན་བཟོ་ཁང་ཆུང་གྲས་7ཚད་ལྡན་དུ་བཏང་བའི་རྨང་གཞིའི་ཐོག་2023ལོར་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་དང་། སྙན་རོང་རྫོང་། ལྷ་རི་རྫོང་བཅས་རྫོང(ཆུས)3གྱིས་ཞོ་ཐོན་སྐྱེད་དང་ལས་སྣོན་བཟོ་ཁང་ཆུང་གྲས་ཀྱི་དཔེ་སྟོན་ཚོང་ཁང་5བཏོད་པ་དང་ནག་ཆུ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཞིབ་བཤེར་རྩིས་ལེན་བྱས་པ་བརྒྱུད། དཔེ་སྟོན་ཚོང་ཁང་5ཚང་མ་བླང་བྱ་ཁག་བརྒྱད་དང་མཐུན་ཡོད་པ་རེད།
(པ་སངས་ཕན་ཐོགས་ཀྱིས་བསྒྱུར། ལྷག་ཚེས་ཞུས)