ཆར་ཤོད་ཚུགས་པ་དང་བསྟུན་ནས་འདེབས་འཛུགས་ཀྱི་དུས་ཚིགས་ཤར་བ་དང་། སྤོ་བོ་རྫོང་གི་ཁྲོམ་གཞུང་དུ་ཡང་ཕར་འགྲོ་ཚུར་འོང་བྱེད་མཁན་རླངས་འཁོར་ཡང་མང་དུ་ཕྱིན་ལ། ཞིང་ནང་དང་མུ་ཁར་ཡང་མི་རྣམས་ལས་བྲེལ་གྱི་རྣམ་པས་ཁེངས་ཡོད།
སྤོ་བོ་རྫོང་རྒུ་ཤང་ཀ་གནམ་གྲོང་ཚོར་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བཀྲ་འབྲུག་དང་མ་འཇོག་འགན་འཁུར་བ་དབྱང་ཝུའེ་ལན་གྱིས་གསར་དུ་མཛེས་བཟོ་བྱས་པའི་དམངས་སྲོལ་གནས་ཚང་ལ་མཐའ་མའི་བསྐྱར་ཞིབ་བྱས་ནས་2024ལོའི་ཁམ་བུའི་མེ་ཏོག་དུས་ཆེན་ལ་གྲ་སྒྲིག་བྱེད་བཞིན་ཡོད། བཀྲ་འབྲུག་གིས“2023ལོར་གྲོང་མིས་ཡུལ་སྐོར་ཞབས་ཞུ་དང་ཡུལ་སྐོར་ཐོན་རྫས་བྲིན་ཚོང་ནང་ཞུགས་ནས་ལོ་ཧྲིལ་པོར་ཡུལ་སྐོར་བ་མི་ཐེངས་ཁྲི་1ལྷག་ཙམ་ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་ཁྲི་125འཕར་ནས་འབབ་འཕར་གྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད”ཅེས་བཤད། བཀྲ་འབྲུག་གིས་ཡུལ་སྐོར་བར་ཞབས་འདེགས་ཞུ་བའི་བརྒྱུད་རིམ་ནང་གྲོང་ཚོའི་སྣེ་ལེན་གྱི་ནུས་པ་ཞན་པ་དང་ཡུལ་སྐོར་བ་མང་པོ་ཞིག་དེ་གར་ཞག་སྡོད་བྱེད་མི་ཐུབ་པ་ཤེས་རྟོགས་བྱུང་རྗེས། ཁོང་ལ་སེམས་ཁྲལ་ཆེན་པོ་བྱུང་ནས་རང་ཁྱིམ་གྱི་དམངས་སྲོལ་གནས་ཚང་དེ་མཛེས་བཟོ་བྱས་ནས་རིམ་པ་སྤོར་རྒྱུའི་བསམ་བློ་འཁོར། འོན་ཀྱང་མཛེས་བཟོ་ཡག་པོ་ཞིག་བྱེད་པར་མ་དངུལ་འདང་གི་མེད་པ་རེད། ཕྱིས་སུ་རྫོང་དང་ཤང་གི་འབྲེལ་ཡོད་སྡེ་ཚན་གྱི་འབད་བརྩོན་དང་རོགས་རམ་འོག་ཁོང་གིས་ཉིང་ཁྲི་གྲོང་ཁྱེར་ཡུང་བོད་ཚོང་དོན་ཞབས་ཞུ་ཚད་ཡོད་ཀུང་སི་དང་མཉམ་ལས་ཀྱི་གྲོས་མཐུན་བཞག་ནས་རང་ཁྱིམ་གྱི་དམངས་སྲོལ་གནས་ཚང་དེ་བསྐྱར་དུ་རིམ་སྤོར་སྒྱུར་བཀོད་བྱས་པ་རེད།
བཀྲ་འབྲུག་གིས“དམངས་སྲོལ་གནས་ཚང་སྒོ་ཕྱེ་རྗེས་རང་ཉིད་ལ་ཡོང་འབབ་ཡོད་ལ་ཉེ་འགྲམ་གྱི་གྲོང་མི་ཡང་དེ་གར་གླ་པར་ཡོང་ཆོག་པས་དངོས་གནས་ཡག་པོ་འདུག ཁེ་ལས་ཀྱིས་ང་ཚོར་སྔོན་ཐོན་གྱི་དོ་དམ་བྱེད་སྟངས་བསླབ་བྱུང་། ང་ཚོས་ཀྱང་ཁེ་ལས་ལ་ཞབས་འདེགས་ཧུར་ཐག་ཞུ་གི་ཡིན། ཚང་མ་མཉམ་དུ་འབད་བརྩོན་བྱས་ཏེ་ང་ཚོའི་གྲོང་ཚོ་དེ་བས་ལེགས་སུ་འགྲོ་ཐུབ་པའི་རེ་བ་ཡོད”ཅེས་བཤད།
གྲོང་ཚོའི་དམངས་སྲོལ་གནས་ཚང་དུ་སྐྱོད་སྐབས་དེང་རབས་ཅན་དང་རིག་ནུས་ཅན་གྱི་ནུས་པ་ལྡན་པའི་སྒྲིག་ཆས་ཆ་ཚང་ཞིང་། ས་གནས་དེ་གའི་གཞི་རྒྱུ་དང་སྲོལ་རྒྱུན་གྱི་རིག་གནས་གང་སར་མཐོང་རྒྱུ་ཡོད་པས་དེའི་ཁྲོད་ནས་ལོ་རྒྱུས་ཀྱི་བཀྲག་གདངས་དངོས་སུ་ཚོར་ཐུབ།
དབྱང་ཝུའེ་ལན་གྱིས“ལོ་གཉིས་ལྷག་ཙམ་རིང་ཉིང་ཁྲི་གྲོང་ཁུལ་གྱི་མཐའ་འཁོར་དང་གྲོང་གསེབ་ལ་རྟོག་ཞིབ་བྱས་པ་བརྒྱུད། མཐར་ང་ཚོས་ཀ་གནམ་གྲོང་ཚོར་ས་ཆ་བདམས་པ་ཡིན། གང་ལགས་ཤེ་ན། སྤོ་བོ་རྫོང་ནི་བོད་ཀྱི་བཙན་པོའི་ཕ་ཡུལ་ཡིན་ཞིང་། ཁོར་ཡུག་མཛེས་ལ་ཡུལ་ལྗོངས་ཐུན་མོང་མ་ཡིན་པ་ཞིག་ཡོད་ལ། གྲོང་མི་རྣམས་ཀྱང་བབ་ཆགས་པས་ང་ཚོའི་ཀུང་སིའི་རེ་བ་དང་ཡོངས་སུ་མཐུན་པོ་འདུག དེར་བརྟེན་ང་ཚོས་འདི་ལོའི་ཟླ་3པར་དངོས་སུ་ལས་གཉེར་བྱས་ནས་ཀ་གནམ་གྲོང་ཚོའི་ཡུལ་ལྗོངས་ཀྲུང་གོ་དང་ཐ་ན་འཛམ་གླིང་ཡོངས་ལ་ངོ་སྤྲོད་བྱེད་ཀྱི་ཡིན”ཞེས་བཤད།
(སྒྲོལ་ལགས་དང་བདེ་དབང་གིས་སྒྱུར་ཞུས་བྱས)