“དཔྱིད་ཐོག་མའི་རང་སྒང་ཤར་བ་དང་གསར་འགོད་པས་སྟག་རྩེ་ཆུས་འབྲོམ་ཐོད་ཤང་གེ་རེ་གྲོང་ཚོར་བསྐྱོད་དེ། གེ་རེ་གྲོང་ཚོའི་རྣམ་པ་དང་མི་སེར་གྱི་འཚོ་བར་ས་གནས་ས་ཐོག་ནས་ཤེས་རྟོགས་བྱས་པ་ཡིན།
ལོ་45ལ་སླེབས་པའི་བདེ་ཆེན་གཡང་འཛོམས་ནི་སྟག་རྩེ་ཆུས་འབྲོམ་ཐོད་ཤང་གེ་རེ་གྲོང་ཚོའི་ཚོགས་ཆུང་གཉིས་པའི་བུད་མེད་ཀྲུའུ་རེན་རེད། ཁོ་མོ་ནི་ཁྱོ་གར་བརྩེ་ཞིང་ཕྲུ་གུར་བྱམས་པའི་ཁྱིམ་འཛིན་མ་ཞིག་ཡིན་ཞིང་། རྣམ་ཀུན་བཟའ་ཚང་གཉིས་པོ་ཕན་ཚུན་བསམ་ཤེས་དང་བརྩི་འཇོག་ཆེ་བར་བརྟེན་ཁ་རྩོད་ཙམ་ཡང་ཤོར་མྱོང་མེད། མངའ་རིས་སུ་དམག་མི་ཡིན་པའི་བུའི་ཐད་ལ་སེམས་ཁྲལ་བྱུང་ཡང་ད་བར་བུའི་གདམ་གར་ངོ་རྒོལ་བྱེད་མྱོང་མེད་པར། དེ་ལས་ལྡོག་སྟེ་ཁོ་མོས་རང་ཉིད་ཀྱི་ཕྲུ་གུར་ངེས་པར་དུ་རྒྱལ་ཁབ་ལ་ལེགས་སྐྱེས་འབུལ་མཁན་ཞིག་བྱེད་དགོས་པའི་སློབ་གསོ་ཡང་ཡང་རྒྱག་གི་ཡོད། བདེ་ཆེན་གཡང་འཛོམས་ཀྱི་ཁྱིམ་ཚང་2022ལོའི་ཟླ་ལྔ་པར“བོད་རང་སྐྱོང་ལྗོངས་ཀྱི་བཟང་པོ་ལྔ་ལྡན་གྱི་ཁྱིམ་ཚང”ལ་བདམས་པ་དང་2023ལོར“རྒྱལ་ཡོངས་ཀྱི་ཁྱིམ་ཚང་ཡག་ཤོས”ལ་བདམས་པ་རེད།
གྲོང་མི་ཀུན་དགའ་ནི་གེ་རེ་གྲོང་ཚོའི་ཁག་གཉིས་པའི“མཛེས་སྡུག་ལྡན་པའི་གྲོང་གསེབ། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”འཛུགས་སྐྲུན་བྱ་སྤྱོད་འཆར་གཞིར་ཞུགས་མཁན་ཞིག་རེད། ཁོང་གི་ཁང་པ་རྙིང་པར་བཟོ་བཅོས་བྱེད་སྐབས་གྲོན་དངུལ་70%ས་གནས་དེ་གའི་སྲིད་གཞུང་གིས་ཁ་གསབ་བྱས་པས་རང་ཉིད་ཀྱིས་30%ལས་འདོན་དགོས་བྱུང་མེད། ད་ཆ་ཁང་པ་རྙིང་པར་བཟོ་བཅོས་བྱས་ཟིན་ནས་ནང་མི་ཚང་མ་དངོས་སུ་སྤོས་ཡོད། ཀུན་དགའི་ཚ་བོ་ཚོ་གཙང་སྦྲ་དོད་པའི་ས་ངོས་སུ་རྩེད་མོ་རྩེ་བཞིན་འདུག་ལ། དྲོད་འཇམ་གྱི་ཉི་འོད་ཁང་པའི་སྒེའུ་ཁུང་ནས་མགྲོན་བསུ་ཁང་དུ་འཕྲོས་པ་ལས་དཔྱིད་གྲང་བསྟན་ནའང་དྲོ་སོབ་སོབ་ཡོད་པ་རེད།
གེ་རེ་གྲོང་ཚོའི་བུད་མེད་ཚོའང་ཁྱིམ་དུ་ལས་མེད་དུ་བསྡད་མེད་པར། སྟག་རྩེ་ཆུས་མི་སྤྱི་ཅུས་ཀྱི་མངགས་བཅོལ་ལྟར་བོད་ལྗོངས་དེང་རབས་ཞབས་ཞུའི་ལས་རིགས་ལག་རྩལ་བཟོ་པའི་སློབ་གྲྭར་གཉེར་བའི་རྩེ་སྒྲོ་གསོ་སྦྱོང་འཛིན་གྲྭར་ཞུགས་ཤིང་། འཛིན་གྲྭའི་ནང་གི་སློབ་མ་30ཡིས་སློབ་ཁྲིད་དགེ་རྒན་གྱི་མཛུབ་ཁྲིད་འོག་རྩེ་སྒྲོ་དང་སྡེར་ཁ་བཟོ་སྟངས་སྦྱངས་ཡོད། ཉིན་22ཀྱི་དུས་ཚོད་ནང་སྤུས་ལེགས་ཀྱི་རྩེ་སྒྲོ་400ལྷག་ཙམ་དང་དེ་བཞིན་སྡེར་ཁ་1400ལྷག་ཙམ་བཟོས་ཡོད་པ་རེད།
(སྤེན་ཚེས་བསྒྱུར། སྤེན་ཚེ་དང་ཟླ་ཕུར་གྱིས་ཞུས)