ས་གཞི་ཆེན་པོར་དཔྱིད་ཀྱི་དཔལ་ཡོན་བཞད་ཅིང་། སྐྱེ་དངོས་ཐམས་ཅད་ལ་སླར་ཡང་གསོན་ཤུགས་རྒྱས་པའི་དུས། དཔྱིད་རྨོད་དཔྱིད་གྲབས་ཀྱི་དུང་བརྡ་ཆུ་ཤུར་རྫོང་རྟ་དཀར་གྲོང་རྡལ་ཟས་མདའ་གྲོང་ཚོར་གྲགས་ཤིང་། གྲོང་མི་ཚོས་ལོ་གཅིག་དུས་གཅིག་གི་གཉའ་གཅོག་མཛད་སྒོར་ཧུར་ཐག་ཞུགས་ཏེ། གྲོང་གསེབ་དར་རྒྱས་གཏོང་བའི་གསོན་ཤུགས་ཆེན་པོ་མངོན་པར་བྱས།
ཞོགས་པའི་ཉི་ཟེར་ཟས་མདའ་གྲོང་ཚོར་རབ་ཏུ་འཕྲོ་ཞིང་། གྲོང་མི་ཚོས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ཏེ། དགའ་སྤྲོའི་ངང་ཞིང་ནང་དུ་བསྐྱོད་ནས་གཉའ་གཅོག་མཛད་སྒོ་གྲ་སྒྲིག་བྱེད་འགོ་ཚུགས།
“ཁྱེད་ཚོས་རེ་བས་ཁེངས་པའི་ཞིང་ས་དེའི་ཐོག་དཀའ་སྤྱད་འབད་འབུངས་བྱས་པར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ངེས་རེད་ལ། གྲོང་གསེབ་དར་རྒྱས་ཀྱི་སྙན་འཇེབས་རོལ་དབྱངས་ཀྱང་དེ་ག་ནས་གྲགས་ངེས་རེད” གཉའ་གཅོག་མཛད་སྒོ་མཇུག་འགྲིལ་རྗེས། ཟས་མདའ་གྲོང་ཚོའི་ཧྲུའུ་ཅི་དང་པོ་ལི་ཤིན་ཀྲེས་གྲོང་མིར་ཏང་གི་དྲིན་ཚོར་སློབ་གསོ་དང་ཏང་གི་དམངས་ཕན་སྲིད་ཇུས་སྒྲོག་འགྲེལ་བྱས་པ་དང་། ཁོང་གིས་མང་ཚོགས་དང་མཉམ་དུ“གསལ་རྟོགས་རྩིས་ཁྲར”རྩིས་བརྒྱབ་སྟེ། ཚང་མས་ཏང་གི་སྲིད་ཇུས་བཟང་པོ་ལས་བོད་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད་པ་ཤེས་རྟོགས་གཏིང་ཟབ་ཐུབ་པར་བྱས་ཤིང་། གྲོང་མི་ཚོས་ཀྱང་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲང་བ་དང་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།
རེ་བས་ཁེངས་པའི་དཔྱིད་ཀ་དེར། ཟས་མདའ་གྲོང་ཚོའི་གྲོང་མི་ཚོས་དགའ་སྤྲོའི་འཛུམ་མདངས་དང་དཀའ་སྤྱད་རྔུལ་ཆུ་ལ་བརྟེན་ནས་ལོ་ལེགས་འབྲས་བཟང་འཕྱུར་བའི་འབྱུང་འགྱུར་བསུས། ཁོང་ཚོའི་དཀའ་སྤྱད་ཀྱི་སྡོང་པོ་ལ་ལོ་ལེགས་ཀྱི་འབྲས་བཟང་སྨིན་ངེས་རེད་ལ་གྲོང་གསེབ་དར་རྒྱས་ཀྱི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཀྱང་གཏོད་ངེས་རེད།
འཁྲུག་ཆ་དོད་པའི་གཉའ་གཅོག་མཛད་སྒོ་ལས་མངོན་པ་ནི། གྲོང་མིའི་མཐུན་སྒྲིལ་མཉམ་ལས་ཀྱི་ཉམས་འགྱུར་དང་རབ་ཏུ་རྒྱས་པའི་གསོན་ཤུགས་ཙམ་མ་ཟད། ད་དུང་གྲོང་གསེབ་དར་རྒྱས་གཏོང་བའི་གསོན་ཉམས་དོད་པའི་རྣམ་པའང་རེད། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་བསྟུན་ནས། ཟས་མདའ་གྲོང་ཚོར་སྐྱེ་སྟོབས་དང་གསོན་ཤུགས་གསར་པ་འཕེལ་བཞིན་མཆིས། (མཚམས་གཅོད་ཀྱིས་བསྒྱུར། བསྟན་བཟང་གིས་ཞུས)