འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། ཉེ་དུས་རྫ་ཡུལ་རྫོང་གི་ཚ་ལུ་མ་ཐོན་འབབ་ཡག་སྒང་དུ་སླེབས་ནས་ཞིང་ནང་དང་མུ་ཁའི་གང་སར་འདེབས་འཛུགས་དུད་ཚང་ཤིང་འབྲས་འཐུ་བར་བྲེལ་བའི་རྣམ་པ་མཐོང་རྒྱུ་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་རྫ་ཡུལ་རྫོང་གིས་ཚ་ལུ་མ་མུའུ་242.69བཏབ་པ་དང་ཤིང་འབྲས་འཐུ་བའི་རྒྱ་ཁྱོན་མུའུ་225ཟིན་ནས་སྔོན་དཔག་ལྟར་ན་ལོ་རེའི་ཐོན་ཚད་ཏུན་116.36ཟིན་རྒྱུ་དང་ལོ་རེའི་ཐོན་སྐྱེད་རིན་ཐང་སྒོར་ཁྲི་156ཟིན་རྒྱུ་རེད།
ཉེ་བའི་ལོ་ཤས་རིང་། རྫ་ཡུལ་རྫོང་གིས་ས་གནས་དེ་གའི་ཆར་དུས་དང་ཚ་དྲོད་འཕེལ་བའི་དུས་ཚིགས་གཅིག་པ་དང་། དྲོད་ཚད་སྙོམས་པ། ཆར་ཆུ་གཅིག་སྡུད་ཆེ་བ། ཉི་འོད་ཕོག་ཡུན་རིང་བ། འོད་དྲོད་ཆུའི་ཐོན་ཁུངས་བེད་སྤྱོད་བྱེད་ཚད་མང་བ་སོགས་ཁོར་ཡུག་གི་ཐོན་ཁུངས་ལེགས་ཆ་གང་ལེགས་སྤྱད་དེ། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་ཧུར་ཐག་དང་ཚ་ལུ་མའི་འདེབས་འཛུགས་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་མང་ཚོགས་ཀྱི་འབབ་འཕར་ལམ་བུ་གསར་པ་ཧུར་ཐག་བཏོད་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། རྫ་ཡུལ་རྫོང་གིས་བཏབ་པའི་ཚ་ལུ་མའི་སྤུས་ཀ་དག་པ་དང་བྲིན་ཁ་རྒྱུག་པོ་ཡོད་པས་མཐའ་འཁོར་ཁྲོམ་རས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་པ་རེད།