འདི་ག་ཚགས་པར་ཁང་གི་གསར་འགོད་པ། ལིའུ་ལིན་ལིན།
“རྒྱལ་ཁབ་མེ་ཟོན་རོགས་སྐྱོབ་དཔུང་ཁག་གིས་ཏང་ལ་ལྷག་བསམ་རྣམ་དག་དང་། སྒྲིག་ཁྲིམས་ནན་སྲུང་། ཉེན་ཁར་མི་སྐྲག་པ། དམངས་ལ་བློ་གཅིག་སེམས་གཅིག་བཅས་བྱེད་དགོས་ཤིང་། མི་དམངས་མང་ཚོགས་ལ་དགོས་མཁོ་ཆེ་བའི་སྐབས་སུ་མདུན་དུ་མཆོངས་ཏེ་མང་ཚོགས་ཚོ་ཆུ་དང་མེ་ཡི་འཇིགས་པ་ལས་སྐྱོབ་པ་དང་། མང་ཚོགས་ལ་དཀའ་ངལ་འཕྲད་སྐབས་རོགས་རམ་བྱས་ཏེ། མི་དམངས་ལ་སྟོབས་ཤུགས་སྦྱིན་པ་དང་འབྲེལ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་ཆེད་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས”ཞེས་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཀའ་སློབ་སློབ་སྟོན་གནང་སྐབས་ཀྱི་ཐུགས་རེ་ཟབ་མོ་རེད། དཔུང་ཁག་སྒྱུར་བཅོས་དང་གཏོགས་ཁོངས་བསྒྱུར་ནས་ལོ་ལྔ་སོང་རིང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་དཔུང་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ལམ་ལུགས་སྒྱུར་བ་དང་། འཛུགས་སྐྲུན། འཕྲལ་སྡོམ་བཅས་མཐའ་འཁྱོངས་བྱས་པར་བརྟེན་མེ་ཟོན་རོགས་སྐྱོབ་བྱ་གཞག་དང་དཔུང་ཁག་འཕེལ་རྒྱས་འཛུགས་སྐྲུན་ལ་གྲུབ་འབྲས་མི་དམན་པ་ཐོབ་པ་རེད།
ཏང་ལ་ལྷག་བསམ་རྣམ་དག་བྱེད་པ་ཐོག་མཐའ་བར་གསུམ་དུ་དཔུང་ཁག་འཛུགས་སྐྱོང་གི་བླ་སྲོག་ལ་བརྩིས་པ།
ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་དཔུང་ཁག་གིས་སྒྲིག་གཞི་སྒྱུར་བཅོས་སྐོར་གྱི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱས་ནས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་དང་ཕྱོགས་སྒྱུར་རིམ་སྤོར་བྱས་པ་རེད། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས《ལྷ་ས་གྲོང་ཁྱེར་གྱི“ལོ་ལྔ་ཚན་བཅུ་བཞི་པའི”མེ་ཟོན་ལས་དོན་འཕེལ་རྒྱས་འཆར་འགོད》སོགས་མཛུབ་ཁྲིད་རང་བཞིན་གྱི་ཡིག་ཆ་རབ་དང་རིམ་པ་དུས་ཐོག་ཏུ་བཏོན་ཞིང་། རིམ་རྩིས་བྱས་ན་ས་ཞིང་མུའུ་59.9བསྡུས་པ་དང་འཛུགས་སྐྲུན་ལ་དངུལ་སྒོར་དུང་ཕྱུར་1.86བཏང་སྟེ་མེ་ཟོན་ས་ཚིགས་10གསར་སྐྲུན་དང་རྒྱས་སྐྲུན་བྱས་པར་བརྟེན་མེ་ཟོན་དཔུང་ཁག་འཕེལ་རྒྱས་ཀྱི་རྨང་གཞི་དེ་བས་བརྟན་དུ་ཕྱིན་པ་དང་། རིམ་རྩིས་བྱས་ན་ཁྱོན་མ་དངུལ་སྒོར་དུང་ཕྱུར་7.3བཏང་བ་ལོ་5ཡི་གོང་ལས་269.34%འཕར་ཡོད། མེ་ཟོན་སྒྲིག་ཆས་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་མེ་ཟོན་རླངས་འཁོར་138བཀོད་སྒྲིག་བྱས་པ་ལོ་5ཡི་གོང་ལས་15%འཕར་ཡོད། འགྲིམ་འགྲུལ་ཕྱིར་སྐྱོད་དང་། བུ་ཕྲུག་གི་སློབ་གསོ། སྨན་བཅོས་རོགས་སྐྱོབ། སྡོད་ཁང་འགན་ལེན། ནང་མི་བཀོད་སྒྲིག་སོགས་ཚུད་པའི་མེ་ཟོན་རོགས་སྐྱོབ་མི་སྣའི་གཟིགས་སྐྱོང་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་རེད།
ཉེན་ཁར་མི་སྐྲག་པ་ཐོག་མཐའ་བར་གསུམ་དུ་དཔུང་ཁག་འཛུགས་སྐྱོང་གི་གནད་ཆེར་བརྩིས་པ།
“གེགས་སེལ་དང་འཕྲལ་སྡོམ”གྱི་འགན་འཁྲིར་དམིགས་ནས། ལྷ་སའི་མེ་ཟོན་སྡེ་ཚན་གྱིས“དམག་འཐབ་ལ་བསམ་བློ་གཏོང་བ་དང་། དམག་འཐབ་ཀྱི་ཇུས་གཞི་འདིང་བ། དམག་འཐབ་ལ་བརྩོན་པ། དམག་འཐབ་ཀྱི་ནང་སྦྱོང་། དམག་འཐབ་ནན་པོ་བྱེད་པ། དམག་འཐབ་བྱེད་མཁས་པ”བཅས་ཀྱི་རྩ་བར་དུས་རྟག་ཏུ་དམ་འཛིན་ནན་པོ་བྱས་ཏེ། དམག་འཐབ་ཀྱི་ནུས་པ་ཆེ་རུ་གཏོང་བར་མགྱོགས་མྱུར་སྐུལ་འདེད་བཏང་ཡོད། ལྟེ་བའི་གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་རྒྱས་དང་གནོད་འཚེའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་རི་བོ་དང་། རྫས་འགྱུར་བཟོ་ལས། ཆུ་ཁོངས། རི་མཐོ་སོགས་ཀྱི་ཆེད་ལས་རོགས་སྐྱོབ་དཔུང་ཁག་9བཙུགས་ཤིང་། རྒྱལ་ཁབ་ཀྱི་རི་མཐོའི་རོགས་སྐྱོབ་ལྷ་ས་རུ་ཆེན་བསྐྲུན་པར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ། “རྟེན་གཞི་ཅན+བྱེས་སའི་དངོས་སྦྱོང”གི་སྦྱོང་བརྡར་བྱེད་ཐབས་འཚོལ་ཞིབ་བྱས་པ་དང་། རྒྱལ་ཡོངས་ཀྱི་མེ་ཟོན་དཔུང་ཁག་ཁྲོད་སྔོན་ལ་ས་བབ་མཐོ་ཚད་སྨི་6010ཟིན་པའི་ནོར་སྟོད་རི་བོར་འཛེགས་ཏེ་ནུས་ཤུགས་ཡོད་རྒུས་ས་མཐོའི་ཁྱད་ཆོས་ལྡན་པའི་རི་བོའི་རོགས་སྐྱོབ་སྤུས་རྟགས་བཏོད་པ་རེད།
དམངས་ཆེད་བསམ་པ་རྣམ་དག་བྱེད་པ་ཐོག་མཐའ་བར་གསུམ་དུ་དཔུང་ཁག་འཛུགས་སྐྱོང་གི་རྩ་བར་བརྩིས་པ།
ལྷ་སའི་མེ་ཟོན་སྡེ་ཚན་གྱིས་མེ་ཟོན་ཁྲིམས་སྒྱུར་གྱི་སྒྱུར་བཅོས་ལ་བརྟན་པོའི་ངང་སྐུལ་འདེད་བཏང་ཞིང་། “གློད་སྡོམ་ཞབས”གསུམ་དང“སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་མེ་ཟོན་ལྟ་འདོམས་གཏིང་ཟབ་ཏུ་བཏང་སྟེ། ནུས་ཤུགས་ཡོད་རྒུས་མེ་ཟོན་ལས་དོན་མ་བྱུང་སྔོན་འགོག་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་བཏང་ནས། མེ་ཟོན་བདེ་འཇགས་ཀྱི་ཆེད་དོན་བཅོས་སྒྲིག་གི་ལོ་གསུམ་གྱི་བྱ་སྤྱོད་དང་དེ་བཞིན་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་རབ་དང་རིམ་པར་སྐུལ་འདེད་གཏིང་ཟབ་བཏང་བ་རེད།
ལོ་ལྔའི་རིང་། ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་དཔུང་ཁག་ལ་སྔ་རྗེས་སུ་རྒྱལ་ཡོངས་ཀྱི་119མེ་ཟོན་སྔོན་ཐོན་མི་སྒེར་དང་། རྒྱལ་ཡོངས་ཀྱི་གཞོན་ནུའི་ཤེས་དཔལ་མཚོན་རྟགས། རྒྱལ་ཡོངས་ཀྱི་ལྔ་བཞིའི་དར་དམར་སྡེ་ཚོགས་ཀྲི་པུའུ། རྒྱལ་ཡོངས་ཀྱི་འཕྲལ་སྡོམ་དོ་དམ་མ་ལག་གི་སྔོན་ཐོན་ལས་དོན་པ་སོགས་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་དང་པུའུ་རིམ་པའི་གཟེངས་བསྟོད་ཁག་9ཐོབ་པ་དང་། མཉམ་སྡེབ་ཀྱི་བྱས་རྗེས་རིམ་པ་གཉིས་པ་ཐེངས་1དང་མཉམ་སྡེབ་ཀྱི་བྱས་རྗེས་རིམ་པ་གསུམ་པ་ཐེངས་4ཐོབ་པ། བློ་མཐུན་6ལ་མི་སྒེར་གྱི་བྱས་རྗེས་རིམ་པ་གཉིས་པ་དང་བློ་མཐུན་148ལ་མི་སྒེར་གྱི་བྱས་རྗེས་རིམ་པ་གསུམ་པ་ཐོབ་ནས། གཟི་བརྗིད་མཚན་སྙན་ཐོབ་པའི་རིམ་པ་དང་གྲངས་ཀ་ཚང་མ་ལྗོངས་ཡོངས་ཀྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གི་མདུན་གྲལ་དུ་སླེབས་པ་རེད།