《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年03月27日

ཧྥུའུ་ཅན་གྱི་བོད་སྐྱོར་སྨན་བཅོས་ཆེད་ལས་ལག་རྩལ་ཤེས་ལྡན་པས་ཆབ་མདོ་གྲོང་ཁྱེར་མ་བུ་བདེ་སྲུང་ཁང་ལ་མུ་མཐུད་རོགས་སྐྱོར་བྱས་པ།

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་ཟླ་3ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཧྥུའུ་ཅན་ཞིང་ཆེན་གྱིས་ཁ་གཏད་རོགས་སྐྱོར་བྱས་པའི་ཆབ་མདོ་གྲོང་ཁྱེར་མ་བུ་བདེ་སྲུང་ཁང་དུ་ཧྥུའུ་ཅན་ཞིང་ཆེན་གྱི་ཁག་བཅུ་པའི་བོད་སྐྱོར་དུས་འབྲིང་རེས་སྐོར་ཆེད་ལས་ལག་རྩལ་ཤེས་ལྡན་པར་དགའ་བསུ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ་དེ་ཐོག་ནས་སྨན་བཅོས་ཆེད་ལས་ལག་རྩལ་པ་11ཆབ་མདོ་གྲོང་ཁྱེར་མ་བུ་བདེ་སྲུང་ཁང་དུ་དུས་ཡུན་ལོ་གཅིག་དང་ལོ་ཕྱེད་ཀྱི“ཚོགས་སྒྲིག་རྣམ་པའི”སྨན་བཅོས་བོད་སྐྱོར་ལས་དོན་དངོས་སུ་སྤེལ་འགོ་ཚུགས་པ་མཚོན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཧྥུའུ་ཅན་གྱི་བོད་སྐྱོར་སྨན་བཅོས་ཆེད་ལས་ལག་རྩལ་ཤེས་ལྡན་པའི་ཆ་སྙོམས་ལོ་ཚད་38.6ཡིན་པ་དང་། ཁོག་ནད་ཚན་ཁག་དང་། ཕྱི་ནད་ཚན་ཁག བུད་མེད་དང་བུ་བཙའི་ཚན་ཁག བྱིས་པའི་ཚན་ཁག གློག་པར་ཚན་ཁག སྦྲིད་སྨན་ཚན་ཁག བརྟག་དཔྱད་ཚན་ཁག CTཚན་ཁག་སོགས་ཀྱི་ཆེད་ལས་པ་ཡོད་པ་མ་ཟད། འབྲིང་རིམ་དང་དེ་ཡན་གྱི་ཆེད་ལས་ལག་རྩལ་གྱི་གོ་མིང་ལྡན་ཡོད། དེའི་ནང་དངོས་གཞིའི་ཚན་ཁག་གི་སྨན་པ་6དང་། རབ་འབྱམས་པའི་སྨན་པ་5 ཏང་ཡོན་8བཅས་ཡོད་པ་རེད། ཁོང་ཚོ་ཚང་མ་ཧྥུའུ་ཅན་ཞིང་ཆེན་གྱི་མངགས་གཏོང་སྨན་ཁང་ཁག་གི་རྐང་འཛིན་སྟོབས་ཤུགས་ཡིན་ལ། ལས་གནས་ཐོག་བྱས་རྗེས་མངོན་གསལ་འཇོག་མཁན་ཤ་སྟག་ཡིན་པ་རེད།

“ང་བོད་དུ་ཡོང་ཐེངས་དང་པོ་ཡིན། ངས་ཁོར་ཡུག་གསར་པ་དང་གང་མགྱོགས་འཕྲོད་པ་བྱས་ནས་སྤྲོ་སེམས་ཆེན་པོས་ལས་གནས་གསར་པར་ཞུགས་ཏེ་རང་ཉིད་ཀྱི་ཁྱད་ཆོས་དང་ལེགས་ཆ་གང་ལེགས་བཏོན་ནས‘བརྒྱུད་རོགས་ཁྲིད་གསུམ’གྱི་བྱེད་ཐབས་ལ་བརྟེན་ནས་ཆབ་མདོར་སྨན་བཅོས་ཤེས་ལྡན་པ་གསོ་སྐྱོང་བྱེད་ཀྱི་ཡིན”ཞེས་ཧྥུའུ་ཅན་ཞིང་ཆེན་སྨན་ཁང་གི་སྨན་པ་ལི་ཏེ་ལུང་གིས་བཤད།