《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年03月27日

མཚོ་བོད་ལྕགས་ལམ་ཨ་མདོ་དུམ་བུའི་ཆེད་བསྐོས་ལམ་སྲུང་རུ་མི།

ས་མཐོའི“མཁའ་ལམ”གྱི་ལམ་སྲུང་བ།

དཔྱིད་ཀ་ཤར་ཡང་བྱང་རྩྭ་ཐང་གི་གནམ་གཤིས་སྔར་བཞིན་གྲང་མོ་ཡོད། མཚོ་བོད་ལྕགས་ལམ་གྱི་ཨ་མདོ་དུམ་བུའི་བྱང་ཁའེ་ཤིན་ལིང་ནས་ལྷོ་དཔལ་མགོན་ཟམ་ཆེན་བར་གྱི་ལམ་ཐག་ཧྲིལ་པོར་སྤྱི་ལེ་346ཡོད། དེ་གར་སེར་བ་བབས་པ་དང་། རྒྱུན་དུ་ལྷགས་པ་རིམ་པ་8ཙམ་རྒྱག་གི་ཡོད། “ལྷགས་པ་རྒྱག་པ་དང་ཁ་བ་འབབ་པའི”གནམ་གཤིས་ཀྱིས་རྐྱེན་པས་སྐབས་འགར་འདི་གར་སྨི་2ཙམ་གྱི་སར་གསལ་པོ་མཐོང་གི་མེད།

མཚོ་བོད་ལྕགས་ལམ་ཨ་མདོ་དུམ་བུའི་བསིལ་ཁུ་རུ་ཆེན་གྱི་རུ་དཔོན་ཕུན་ཚོགས་རྣམ་རྒྱལ་གྱིས་གསར་འགོད་པར“2006ལོར་མཚོ་བོད་ལྕགས་ལམ་ཐོག་མེ་འཁོར་དངོས་སུ་ཤར་གཏོང་ཐུབ་པས་ངས་རང་འགུལ་ངང་ལམ་སྲུང་རུ་མིར་ཐོ་བཀོད་པ་ཡིན། སྐབས་དེ་དུས་ལམ་རྒྱུད་དུ་ཆར་རླུང་འགོག་པའི་སྐྲུན་དངོས་གང་ཡང་མེད་པས་ང་ཚོ་ཚང་མས་སོ་སོས་གུར་གྲ་སྒྲིག་བྱས་ཏེ་གནམ་གཤིས་ངན་པ་བསྟན་པའམ་ཡང་ན་རེས་མོས་ངལ་གསོ་རྒྱག་སྐབས་དེའི་ནང་སྡོད་ཀྱི་ཡོད། 2016ལོར་ལམ་རྒྱུད་དུ་སོ་སྲུང་ཁང་པ་སྐྲུན་པ་དང་སྤྱི་ལེ་གཉིས་རེའི་སར་སོ་སྲུང་ཁང་གཅིག་རེ་ཡོད་པས་ཐག་ཉེ་བའི་ལམ་སྲུང་ས་ཚིགས་གཉིས་ཀྱི་ལམ་སྲུང་བ་རེས་མོས་ངང་དེར་ངལ་གསོ་རྒྱག་ཆོག་གི་ཡོད། ད་ཆ་ང་ཚོ་ལའང་གཅིག་གྱུར་གྱི་ལས་གོས་ཡོད”ཅེས་བཤད་བྱུང་།

“ང་ཚོས་བློ་རྩེ་གཅིག་སྒྲིམ་གྱིས་མི་སྣ་གནས་ཐུབ་པ་དང་། བརྩེ་སེམས་བཅངས་ནས་མི་སྣ་གནས་ཐུབ་པ། ཁོར་ཡུག་བཟང་པོར་བརྟེན་ནས་མི་སྣ་གནས་ཐུབ་པ་མཐའ་འཁྱོངས་བྱེད་ཀྱི་ཡོད” ཨ་མདོ་རྫོང་གཞུང་ལམ་བདག་སྐྱོང་གཞུང་དོན་ཁང་གི་འགན་འཁུར་བ་ཟླ་བ་ཚེ་རིང་གིས། རྫོང་གཞུང་ལམ་བདག་སྐྱོང་གཞུང་ལས་ཁང་གིས་ལྕགས་ལམ་གྱི་འགྲོ་གྲོན་བེད་སྤྱོད་གང་ལེགས་བཏང་སྟེ་སྒར་ཁུལ་ཚད་ལྡན་ཅན་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས་རུ་མི་ཚོའི་སྒྲིག་ཆས་ལེགས་སུ་བཏང་ཡོད། 2023ལོར་སྒོར་ཁྲི་260ལྷག་ཙམ་བཏང་ནས་ཆེད་བསྐོས་རུ་མིར་ནུས་མང་གྱོན་ཆས་དང་། ལས་སྒྲུབ་གྱོན་ཆས། ལག་ཤུབས། ལྷམ། དེ་བཞིན་ཉི་འགོག་མིག་ཤེལ་སོགས་ཉོས་པ་དང་། མ་དངུལ་སྒོར་ཁྲི་70ཙམ་བཏང་ནས་དགུན་སྒྲོལ་རྡོ་སོལ་ཉོས་ཏེ་རུ་ཆེན་5དང་། རུ་འབྲིང་17 ལམ་སྲུང་ས་ཚིགས་104བཅས་ཀྱི་དྲོད་ལེན་གནད་དོན་ཐག་གཅོད་བྱས་པ། མ་དངུལ་སྒོར་ཁྲི་244ལྷག་ཙམ་བཏང་ནས་རུ་ཆེན་གྱི་བཟོ་ཚོགས་བྱེད་སྒོ་སྤེལ་ས4གསར་དུ་བསྐྲུན་ཏེ་རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བ། མ་དངུལ་སྒོར་ཁྲི་960ལྷག་ཙམ་བཏང་ནས་ཨ་མདོ་དུམ་བུའི་ཆེད་བསྐོས་ལམ་སྲུང་རུ་མི་ཡོངས་ལ་འགན་བཅོལ་ཉོས་པ་སོགས་ཀྱི་བྱེད་ཐབས་དེ་དག་གིས་ལམ་སྲུང་རུ་མི་ཚོའི་ལས་ཀའི་ཧུར་སེམས་ཆེས་ཆེར་འཕེལ་ཡོད་ཅེས་ངོ་སྤྲོད་བྱས།

ལྕགས་ལམ་ཐོག་དངོས་པོ་གཞན་དག་ཡོད་མེད་གཙང་བཤེར་དང་། ཉེ་འཁོར་གྱི་ནོར་ལུག་ཕྱིར་འབུད། འབྲེལ་མེད་མི་གྲལ་བཤེར་སོགས་ནི་མི་གཞན་གྱིས་བལྟས་ན་དོན་སྙིང་དེ་ཙམ་མེད་པའི་རྒྱུན་གཏན་གྱི་ལས་ཀ་ཞིག་རེད། ཡིན་ནའང་ལམ་སྲུང་རུ་མི་ཚོའི་ངོས་ནས་བརྗོད་ན་དེ་ནི་ལས་འགན་གཟི་བརྗིད་ལྡན་པ་དང་དོན་སྙིང་ཟབ་མོ་ལྡན་པ་ཞིག་རེད། “གལ་སྲིད་ང་ཚོས་ལྷོད་གཡེང་ཤོར་ཚེ་མེ་འཁོར་གྱི་ལས་འཛོལ་ཐོན་ནས་བསམ་ཡུལ་ལས་འདས་པའི་མཇུག་འབྲས་ཐོན་སྲིད། ལམ་བར་གྱི་མི་ཚང་མའི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དེ་ང་ཚོ་དང་འབྲེལ་བ་དམ་ཟབ་ཡོད་ཅེས་བརྗོད་ཆོག”ཅེས་ཕུན་ཚོགས་རྣམ་རྒྱལ་གྱིས་བཤད།

ལྕགས་ལམ་སྐྱེལ་འདྲེན་གྱི་བདེ་འཇགས་འགན་ལེན་བྱ་ཆེད། ལམ་སྲུང་རུ་མི་ཚོས་ལམ་རྒྱུད་འབྲོག་ཁུལ་གྱི་གྲོང་མིའི་ཁྱིམ་དུ་བསྐྱོད་ནས་ལམ་སྲུང་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་གྱི་ཡོད། དེ་འདྲ་བྱས་པར་བརྟེན་ལམ་སྲུང་རུ་མི་དང་ལམ་རྒྱུད་ཀྱི་མང་ཚོགས་དབར་གྱི་འབྲེལ་བ་དེ་བས་ཟབ་ཏུ་ཕྱིན་ཡོད། ལོ་ལྟར་འབྲོག་ལས་བྱེད་སྐབས་ལམ་སྲུང་རུ་མི་ཚོས་རང་འགུལ་ངང་འབྲོག་པ་མང་ཚོགས་ལ་ནོར་ལུག་གི་བལ་འབྲེག་རོགས་བྱེད་པ་དང་དུས་ཆེན་གལ་ཆེན་སྐབས་དཀའ་ངལ་ཡོད་པའི་མང་ཚོགས་ལ་འཚམས་འདྲིའི་དངོས་པོ་སྐྱེལ་གྱི་ཡོད། ལམ་རྒྱུད་དུ་སྐོར་གཡེང་བྱེད་སྐབས་ལམ་ལ་རྒྱུས་མངའ་མེད་པ་དང་ལམ་ནོར་ཐེབས་པའི་འགྲོ་འོང་བྱེད་མཁན་ཡུལ་སྐོར་བར་རང་འགུལ་ངང་རོགས་སྐྱོབ་བྱེད་པ་དང་། ལས་ཀ་ཧུར་ཐག་སྒྲུབ་པ། བྱ་བ་བཟང་པོ་སྒྲུབ་པ། དཀའ་གནད་སེལ་བ་བཅས་ཀྱི་བྱ་སྤྱོད་སྤེལ་བར་བཅའ་སྡོད་བྱ་ཡུལ་གྱི་འབྲོག་པ་མང་ཚོགས་དང་འགྲོ་འོང་བྱེད་མཁན་ཡུལ་སྐོར་བའི་ཁས་ལེན་མཐའ་གཅིག་ཏུ་ཐོབ་ཡོད།

ས་མཐོའི་བྱང་ཐང་དུ་མཚོ་བོད་ལྕགས་ལམ་ཨ་མདོ་དུམ་བུའི་ཆེད་བསྐོས་ལམ་སྲུང་རུ་མི་741གིས་ཉིན་དང་ཉིན་བསྟུད་ནས་ས་བབ་མཐོ་ཚད་སྨི་4800ཡན་དང་། རྒྱལ་ཡོངས་ལྕགས་ལམ་གྱི་གནམ་གཤིས་སྡུག་ཤོས། ཆ་རྐྱེན་སྐྱོ་ཤོས་བཅས་ཀྱི་ལྕགས་ལམ་གྱི་འཐབ་ས་དང་པོར་སྐོར་གཡེང་བྱས་ནས་ས་མཐོའི“མཁའ་ལམ”གྱི་བདེ་འཇགས་སྲུང་སྐྱོང་བྱེད་བཞིན་ཡོད།

(སྐལ་མཆོག་དང་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)