《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年03月26日

དྭངས་གཙང་རི་ཀླུང་བསྲུངས། མཛེས་སྡུག་བོད་ལྗོངས་བསྐྲུན།

དུས་རབས་20པའི་ལོ་རབས་50པའི་གོང་གི་བོད་རྙིང་པ་དུས་ཡུན་རིང་པོའི་ནང་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་དབང་སྒྱུར་འོག་ཚུད་རྐྱེན་ཐོན་སྐྱེད་ནུས་ཤུགས་ཀྱི་འཕེལ་རྒྱས་ཆུ་ཚད་ཧ་ཅང་དམའ་པོ་ཡིན་པ་དང་། མི་རྣམས་གཞི་རྩའི་ཆ་ནས་གཞན་དབང་གིས་རང་བྱུང་ཆ་རྐྱེན་དང་བསྟུན་དགོས་པ་དང་རང་བྱུང་ཐོན་ཁུངས་ལ་ཕྱོགས་རྐྱང་པའི་ལེན་སྤྱོད་ཁོ་ན་བྱེད་ཀྱི་ཡོད་པས། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཕྱི་རོལ་ཡུལ་གྱི་ཆོས་ཉིད་ལ་ངོས་འཛིན་བྱེད་ཐབས་བྲལ་ཞིང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་ནི་དེ་བས་ཀྱང་གླེང་ཐབས་བྲལ་བ་ཞིག་རེད།

བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65སོང་རིང་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་མཐའ་གཅིག་ཏུ་བྱས་ནས“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོར་བཙུགས་ཏེ། སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྲུང་སྐྱོང་ཨང་དང་པོར་འཇོག་པ་མཐའ་འཁྱོངས་ཀྱིས་སྐྱེ་ཁམས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། ལྗང་མདོག་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པ། རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་བཅས་བྱས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པར་སྐྱེ་ཁམས་ཀྱི་ཕན་པ་ཟམ་མི་ཆད་པར་བཏོད་ཡོད།

ད་ཆའི་བོད་དུ་ནམ་མཁའ་གཡའ་དག་པ་དང་། ཆུ་མོ་དྭངས་ཤིང་གཙང་བ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་བཅས་ཡོད། གྲངས་གཞི་ལས་མངོན་པར། ད་ཆ་བོད་དུ་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་41.22ཟིན་པའི་རིམ་པ་ཁག་དང་རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་47ཡོད་པ་དང་། ནགས་ས་དང་། རྩྭ་ཐང་། འདམ་ར། ཆུ་ཁོངས་སོགས་སྐྱེ་ཁམས་ནུས་པ་ཅུང་ཆེ་བའི་ས་ཆའི་རིགས་སྤྱི་ལེ་ངོས་གྲུ་ཁྲི་108.11བར་མང་དུ་ཕྱིན་ཡོད་པ་རེད། ལྗོངས་ཡོངས་ཀྱི་ཁོར་ཡུག་གི་མཁའ་རླུང་སྤུས་ཀ་ལེགས་པའི་ཉིན་གྲངས་བསྡུར་གྲངས་99%ཡན་ཟིན་པ་དང་། གཙང་པོ་དང་། མཚེའུ། མཚོ་བཅས་གཙོས་པ་ཆུ་སྤུས་རིགས་གསུམ་པའི་ཚད་གཞིར་སླེབས་པའམ་ཡང་ན་དེ་ལས་ལེགས་པ་ཡོད་པ། ས་རྒྱུའི་ཁོར་ཡུག་གི་སྤུས་ཚད་བདེ་འཇགས་ཀྱི་ཆུ་ཚད་དུ་སླེབས་ནས། བོད་ནི་སྔར་བཞིན་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་ཡག་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་རེད།

རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོ་བསྐྲུན་ནས་སྐྱེ་ཁམས་ཤེས་དཔལ་གྱི་ལྗང་མདོག་འཆར་གཞི་ལེགས་པར་བཀོད་པ།

དཔྱིད་འགོར་བརྗིད་ཆགས་ཡིད་དུ་འོང་བའི་ཕོ་བྲང་པོ་ཏ་ལ་དང་ལྷ་ས་སྐྱིད་ཆུའི་ལྷོ་ངོགས་སུ་ཡོད་པའི་སྔོ་ཐིང་ཐིང་གི་རི་བོའི་དབར་གཙང་པོ་གཅིག་གིས་ཆོད་ཀྱང་ཕན་ཚུན་སྔར་བཞིན་གསལ་པོར་མཐོང་ཐུབ་ཀྱི་ཡོད། ཡིད་དབང་འཕྲོག་པའི་ཡུལ་སྐོར་བ་མང་པོ་དེ་གར་ཡོང་སྟེ་སྐྱིད་ཆུའི་ངོགས་ནས་ཕོ་བྲང་པོ་ཏ་ལའི་ཆུ་ནང་གི་ལྡོག་གྲིབ་ལ་པར་རྒྱག་པ་དང་ལྷ་སའི་ཡུལ་ལྗོངས་ཧྲིལ་པོར་ལྟ་བ་སོགས་བྱེད་ཀྱི་ཡོད། དེ་ག་ནི་སྙན་གྲགས་ལྡན་པའི་ལྷ་སའི་ལྷོ་རིའི་སྤྱི་གླིང་རེད།

“ད་ལྟ་ལྗོན་ཤིང་མང་པོ་དེ་འདྲ་མཐོང་རྒྱུ་འདུག ལོ་འགའི་གོང་ང་རང་འདི་གར་ལས་ཀར་སླེབས་མ་ཐག་པའི་སྐབས་སུ་དེ་ཁུལ་ནི་དངོས་འབྲེལ་རི་བོ་སྐྱ་ཐེར་ཐེར་ཞིག་རང་རེད”ཅེས་ལྷོ་རིའི་སྤྱི་གླིང་གི་ལས་དོན་མི་སྣ་བཀྲ་ཤིས་ཆོས་འཕེལ་གྱིས་བརྗོད།

ཞོགས་པའི་ཆུ་ཚོད་དགུ་པར། གྲོང་མི་ལི་ལགས་རིར་འཛེགས་ནས་སྤྱི་གླིང་གི་སྒོ་འགྲམ་དུ་འབྱོར། ཁོང་གིས“ལྷོ་རིའི་སྤྱི་གླིང་དུ་ཡོང་ནས་རིར་འཛེག་པ་དེ་འཚོ་བའི་ཆ་ཤས་ཤིག་ཏུ་གྱུར་ཡོད། ང་རང་ལྷ་སར་ལས་ཀ་བྱེད་པར་སླེབས་པ་ནས་བཟུང་ལོ་ལྟར་གྱི་ཟླ་གསུམ་པ་འཆར་རིམ་བཞིན་ལྷ་སར་ཕྱི་དྲོ་བྱེ་རླུང་ཆེན་པོ་ལྡང་གི་འདུག ལོ་དེ་དག་ནང་འདི་གར‘རི་བོ་བྱེ་མས་ཁེངས་པ’ནས‘རི་ཀླུང་སྔོ་ལྗང་གིས་བརྒྱན་པའི’བར་གྱི་འགྱུར་ལྡོག་ལ་མིག་མཐོང་ལག་ཟིན་བྱུང་། ང་ཚོ་གྲོང་མི་ཚང་མ་དངོས་འབྲེལ་ཕན་པ་ཐོབ་མཁན་ཤ་སྟག་རེད”ཅེས་གསར་འགོད་པར་བརྗོད་བྱུང་།

ཟླ་བ་གསུམ་པར། ཡར་ཀླུང་གཙང་པོའི་བྱང་རྒྱུད་དུ་རྩི་ཤིང་གི་མྱུ་གུ་འབུས་འགོ་ཚུགས་ཤིང་། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སོ་དྲུག་ཤང་འབྲི་སྒང་གྲོང་ཚོའི་གྲོང་མི་མིག་དམར་ཚེ་རིང་གིས་ཞོགས་ཟས་བཟས་མ་ཐག་རི་སྐོར་རྒྱག་འགོ་ཚུགས། ཆེད་ལས་ནགས་སྲུང་བ་ཞིག་ཡིན་པའི་ཁོང་གིས་ཉིན་གཅིག་ནང་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་། གད་སྙིགས་སྒྲུག་པ། རི་སྐྱེས་སྲོག་ཆགས་ཀྱི་འགུལ་སྐྱོད་གནས་ཚུལ་ལ་ལྟ་ཞིབ་བཅས་བྱེད་དགོས་པ་མ་ཟད། ད་དུང་རི་སྐྱེས་སྨན་རྒྱུ་གང་བྱུང་དུ་འཐུ་བ་དང་ནགས་ཤིང་གང་བྱུང་དུ་གཅོད་པ་སོགས་སྐྱེ་ཁམས་ལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་མ་ཐོན་སྔོན་འགོག་བྱེད་དགོས་ཀྱི་ཡོད། “ལོ་དེ་དག་ནང་གྲོང་མིའི་འདུ་ཤེས་ལ་འགྱུར་ལྡོག་ཆེན་པོ་ཕྱིན་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཇེ་ཟབ་ཏུ་ཕྱིན་ཡོད། མིག་སྔར་ཤང་དུ་ནགས་སྲུང་བ་161ཡོད”ཅེས་མིག་དམར་ཚེ་རིང་གིས་བརྗོད་པ་དང་། ཁོང་གིས་སྔོན་ཆད་ཤིང་བཅད་ནས་བུད་ཤིང་བྱེད་མཁན་གྱི་གྲོང་མི་ཚང་མས་ད་ཆ་སོལ་རླངས་ཐབ་དང་གློག་ཐབ་སྤྱོད་ཀྱི་ཡོད་པས། “ཤིང་གཅོད་མཁན”ནས“ཤིང་སྲུང་མཁན”ལ་གྱུར་པས་སྐྱེ་ཁམས་ཁོར་ཡུག་སྔར་བས་ལེགས་སུ་ཕྱིན་ཡོད་ཅེས་བརྗོད།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)

དེ་ནི་བོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོ་བསྐྲུན་པའི་བསྡུས་རིས་ཙམ་རེད། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་གྲོང་ཁྱེར(ས་ཁུལ)ཁག་གིས་ཡུལ་བབ་དང་བསྟུན་ཏེ་རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་བྱེ་འཁྱགས་བཅས་གཞི་གཅིག་ཅན་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་མཐའ་འཁྱོངས་བྱས་ཤིང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཡར་ཀླུང་གཙང་པོ་དང་ཉང་ཆུ་སོགས་གཙང་པོ་རྒྱུག་ཁུལ་གཙོ་བོའི་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་དང་ས་ཆུ་ཤོར་བ་འགོག་བཅོས་བྱས་ཏེ། ཆུའི་ཐོན་ཁུངས་ཀྱི་འགྱུར་མེད་གཅུན་འདོམས་ལམ་ལུགས་གང་མགྱོགས་བཟོས་པ་དང་། ཆབ་མདོ་གྲོང་ཁྱེར་གྱིས་ནགས་དཔོན་ལམ་ལུགས་ཀྱི་འགན་འཁྲིའི་ཁུལ་གྱི་ས་བཀྲ་བཟོས་པ་དང་ནགས་ཚལ་དང་རྩྭ་ཐང་ལ་སྐོར་གཡེང་དང་དོ་དམ་སྲུང་སྐྱོང་མི་སྣའི་ལས་ཀའི་རྩིས་ཐོ་བཟོས་པ། མངའ་རིས་ས་ཁུལ་གྱིས་རིམ་ལྔའི་ཆུ་དཔོན་དང་མཚོ་དཔོན་གྱི་རྩ་འཛུགས་མ་ལག་བཙུགས་པ་མ་ཟད། ད་དུང་ཆུ་དཔོན་དང་མཚོ་དཔོན་གྱི་ལམ་ལུགས་མ་ལག་གྲོང་མིའི་ཚོགས་ཆུང་དང་རང་བྱུང་གྲོང་ཚོ་སོགས་སུ་སྣུར་སྲིང་བྱས་ནས་བྱ་ཐབས་ཁག་དོན་འཁྱོལ་བྱུང་བ་དང་ཆབས་ཅིག་སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་ཀྱང་དེ་བས་མི་སེམས་སུ་གཏིང་ཟབ་ཟུག་ཡོད།

རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བར་བྱས་པ།

དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65སོང་རིང་དང་། ལྷག་པར་དུ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱིས་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་སྔ་རྗེས་སུ

《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བཅའ་ཁྲིམས〉སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱ་ཐབས》དང《བོད་རང་སྐྱོང་ལྗོངས་ཀྱི་འདམ་ར་སྲུང་སྐྱོང་སྲོལ་ཡིག》སོགས་ཁྱབ་བསྒྲགས་དང་ལག་བསྟར་བྱས་པ་དང་། ལྷག་དོན་དུ།《བོད་རང་སྐྱོང་ལྗོངས་ཀྱི་སྐམ་སའི་རི་སྐྱེས་སྲོག་ཆགས་ཀྱིས་སྤྱི་དམངས་ཀྱི་མི་ལུས་ལ་རྨས་སྐྱོན་བཟོས་པའམ་ཡང་ན་རྒྱུ་ནོར་ལ་གྱོང་གུན་བཟོས་པར་ཁ་གསབ་བྱ་ཐབས》ཁྱབ་བསྒྲགས་དང་ལག་བསྟར་བྱས་ནས་སྲོག་ཆགས་ཀྱི་ཆག་སྒོ་བཟོ་བར་གྱོང་གུན་ཁ་གསབ་སྤྲོད་པའི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ཡོད།

གསའ་ཡིས་ལུག་གསོད་པ་དང་དྲེད་མོང་གིས་འབྲོག་པའི་ཁྱིམ་དུ་འཛུལ་ནས་གཏོར་བཤིག་གཏོང་བ་སོགས་ཀྱི་གནས་ཚུལ་བོད་ཀྱི་འབྲོག་ཁུལ་དུ་རྟག་ཏུ་ཐོན་གྱི་ཡོད། “གནས་ཚུལ་དེ་རིགས་འཕྲད་སྐབས་འབྲོག་པས་བྱ་ཐབས་སྣ་ཚོགས་སྤྱད་ནས་ཆག་སྒོ་བཟོ་བའི་སྲོག་ཆགས་གྲོང་ཚོ་ནས་ཕྱིར་འབུད་དང་འབྲོག་པའི་གྱོང་གུན་རྣམས་སྲིད་གཞུང་གིས་ཁ་གསབ་བྱེད་ཀྱི་ཡོད”ཅེས་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་སྐྱིད་པོ་དོ་དམ་ས་ཚིགས་ཀྱི་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་པ་ཚེ་རིང་བསྟན་འཛིན་གྱིས་བརྗོད།

གྲངས་གཞི་ལས་མངོན་པར། རང་ལྗོངས་ཀྱིས་སྲོག་ཆགས་ཀྱིས་ཆག་སྒོ་བཟོས་པའི་གྱོང་གུན་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་7ལྷག་ཙམ་སྤྲད་པས་མང་ཚོགས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་དང་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་བྱེད་པའི་དམིགས་ཚད་མངོན་འགྱུར་བྱུང་ཡོད།

《དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ལག་ལེན་དང་དེའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས》ཀྱི་རྒྱབ་ཤ་དཀར་པོའི་དེབ་ནང་བོད་དུ་སྐམ་སའི་རི་སྐྱེས་སྒལ་ཚིགས་སྲོག་ཆགས་རིགས་1072ཡོད་པའི་ནང་གསའ་དང་། འབྲོང་། གཙོད། ཁྲུང་ཁྲུང་སྐེ་ནག ཡུན་ནན་གྱི་སྤྲེའུ་སྤུ་སེར་སོགས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རི་སྐྱེས་སྲུང་སྐྱོང་སྲོག་ཆགས་རིགས་65དང་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་རི་སྐྱེས་སྲུང་སྐྱོང་སྲོག་ཆགས་རིགས་152ཡོད་པ་འཁོད་ཡོད་ཅིང་། རི་སྐྱེས་སྲོག་ཆགས་ཆེ་འབྲིང་གི་གྲངས་འབོར་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱུད་པ་སྟོངས་བར་ངོས་འཛིན་པའི་བོད་ཀྱི་ཤྭ་བ་སེར་ཆེན་སླར་ཡང་ཐོན་པ་དང་ཤེས་རྟོགས་ཐུབ་སྐབས་ཀྱི་མགོ་གྲངས་200ལྷག་ཙམ་ནས་800ལྷག་ཙམ་བར་མང་དུ་ཕྱིན་ཡོད། གཞན་ཡང་། ད་དུང་སྤྲེའུ་གདོང་དཀར་སོགས་རི་སྐྱེས་སྲོག་ཆགས་ཀྱི་རིགས་གསར་པ་5དང་ཀྲུང་གོའི་གསར་དུ་ཐོ་འགོད་བྱས་པའི་སྐྱེ་དངོས་རིགས་5ཤེས་རྟོགས་བྱུང་ཡོད།

སྐྱེ་ཁམས་དམངས་ཕྱུག་གི་ཐབས་ལམ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་ནས་ལྗང་མདོག་འཕེལ་རྒྱས་ཀྱི་སྐྱེ་ཁམས་ཀྱི་ཕན་པ་ལོངས་སུ་སྤྱོད་པ།

སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་ཀུན་ལ་ཕན་ཤོས་ཀྱི་དམངས་འཚོའི་བདེ་རྩ་ཞིག་རེད། དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65སོང་རིང་། བོད་ཀྱི་ས་གནས་ཁག་གིས་ལྗང་མདོག་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་ནས“རི་སྔོན་ཆུ་དྭངས”དང“གསེར་རི་དངུལ་རི”ཕན་ཚུན་འགྱུར་ལྡོག་འགྲོ་བར་སྐུལ་འདེད་བཏང་སྟེ་ཐོན་ལས་སྐྱེ་ཁམས་ཅན་དང་སྐྱེ་ཁམས་ཐོན་ལས་ཅན་གྱིས་གཙོ་བོ་བྱས་པའི་སྐྱེ་ཁམས་དཔལ་འབྱོར་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། སྐྱེ་ཁམས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་རྒྱུན་ཆད་མེད་པར་བསྒྱུར་ཡོད།

ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་སྙེ་མོ་ཤང་དུ་ཤིང་འབྲས་ཁྲེ་ལི་ཙི་དེ་ཉིད་ས་གནས་དེ་གའི་མང་ཚོགས་ཀྱི“ཕྱུག་འགྱུར་ཤིང་འབྲས”ལ་གྱུར་ཡོད།

“འདི་གའི་སྐྱེ་ཁམས་ཀྱི་ལེགས་ཆ་ཆེ་བ་དང་ཉི་འོད་ཕོག་ཡུན་རིང་བས་ཤིང་འབྲས་ཁྲེ་ལི་ཙི་སྐྱེ་འཚར་ལ་མཁོ་བའི་འོད་སྦྱོར་ནུས་པ་ལེགས་པོ་ཡོད། ད་དུང་ང་ཚོས་སྐྱེ་ལྡན་འདུས་ཚད་མཐོ་བའི་ལུག་གི་རིལ་མ་གཙོ་བོར་རྒྱག་གི་ཡོད་པས་བཏབ་པའི་ཤིང་འབྲས་བྲོ་བ་ཞིམ་ལ་རིན་གོང་ཡང་མཐོ་པོ་རག་གི་འདུག”ཅེས་གླིང་དེའི་ཤིང་འབྲས་ཁྲེ་ལི་ཙི་རྟེན་གཞིའི་འགན་འཁུར་བ་བདེ་སྐྱིད་ཀྱིས་གསར་འགོད་པར་བརྗོད་བྱུང་།

2018ལོའི་ཟླ་10པར། ས་གནས་དེ་གའི་སྲིད་གཞུང་གིས་པེ་ཅིང་བོད་སྐྱོར་ལས་དོན་རུ་ཁག་དང་མཉམ་དུ་དེང་རབས་ཞིང་ལས་ཐོན་ལས་གླིང་ནང་འདྲེན་བྱས་ཏེ། ཤིང་འབྲས་ཁྲེ་ལི་ཙི་དང་། ཀྲོ་མ་ཀྲུ། སོ་ལོ་སྔོན་པོ་སོགས་ཤིང་འབྲས་དང་སྔོ་ཚལ་འདེབས་འཛུགས་བྱས་ནས་དེང་རབས་ཞིང་ལས་ཐོན་ལས་འཕེལ་རྒྱས་བཏང་ཡོད། ད་ཆ་རྟེན་གཞིར་ཤིང་འབྲས་ཁྲེ་ལི་ཙི་སྡོང་རྐང་6000ལྷག་ཙམ་ཡོད་པ་དང་འདེབས་ཁྱོན་མུའུ་104ཟིན་ཡོད། ཤིང་འབྲས་ཁྲེ་ལི་ཙི་ཐོན་ལས་ཀྱིས་གྲོང་ཚོའི་མཉམ་སྡེབ་ཡོང་འབབ་མང་དུ་ཕྱིན་པ་མ་ཟད། ད་དུང་དུད་ཚང་20ལྷག་ཙམ་གྱི་གྲོང་མིར་ཁྱིམ་གྱི་སྒོ་ཁར་ལས་ཞུགས་ཐུབ་པར་སྐུལ་ཁྲིད་ཐུབ་ཡོད།

ཉིང་ཁྲི་གྲོང་ཁྱེར་ཀ་ལ་གྲོང་ཚོ་དེ་མཛེས་སྡུག་ལྡན་པའི་ཉང་ཆུའི་ངོགས་སུ་གནས་པ་དང་དེར་བོད་ཀྱི“ཁམ་བུའི་མེ་ཏོག་གི་གྲོང་ཚོ་དང་པོ”ཞེས་བརྗོད་ཀྱི་ཡོད། གྲོང་ཚོའི་ཁང་པའི་རྒྱབ་མདུན་དང་ཞིང་ནང་མུ་ཁའི་ཁམ་སྡོང་གླིང་གི་རྒྱ་ཁྱོན་ལ་མུའུ་500ལྷག་ཙམ་ཟིན་ཞིང་། དེའི་ནང་རི་སྐྱེས་ཁམ་སྡོང་གླིང་མུའུ་270ལྷག་ཙམ་ཡོད་པར་ལོ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད།

དེ་སྔ། ཀ་ལ་གྲོང་ཚོའི་གྲོང་མིས“ཁམ་བུའི་མེ་ཏོག་གི་འབྱུང་ཁུངས”སྲུང་བཞིན་ཡོད་ཀྱང་ཕྱུག་འགྱུར་ཡོང་ཐབས་ཤེས་ཀྱི་མེད། 2002ལོར། ཀ་ལ་གྲོང་ཚོས་ཁམ་བུའི་མེ་ཏོག་གི་རིག་གནས་དུས་ཆེན་གཉེར་འགོ་ཚུགས་པ་དང་། ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་གྱི་ཚོགས་ར་གཙོ་བོར་གྱུར་ཡོད། ལོ་ཁ་ཤས་གོང་། གྲོང་མིས་མ་དངུལ་སྒོར་ཁྲི་50ལྷག་ཙམ་བསྡུ་རུབ་བྱས་ནས་ཁམ་བུའི་མེ་ཏོག་རབ་ཏུ་བཞད་པའི་རི་ལྡེབས་དེ་ཁམ་བུའི་མེ་ཏོག་གི་མཛེས་ལྗོངས་ཁུལ་དུ་བསྐྲུན་ཡོད། ཀ་ལ་གྲོང་ཚོས་ད་དུང་མཛེས་ལྗོངས་ཁུལ་དེར་བརྟེན་ནས་ཞིང་པའི་སྤྲོ་སྐྱིད་ཁང་དང་ལྟ་སྐོར་སྔོག་འཐུ་གླིང་སོགས་ཀྱི་ལེ་ལག་ཚང་བའི་ཐོན་ལས་འཕེལ་རྒྱས་བཏང་ཡོད། 2023ལོའི་ཁམ་བུའི་མེ་ཏོག་དུས་ཆེན་རིང་ཀ་ལ་གྲོང་ཚོར་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་400ལྷག་ཙམ་བྱུང་ནས་མཉམ་སྡེབ་ཡོང་འབབ་ཀྱི་ཕྱེད་ཀ་ཙམ་ཟིན་ཡོད།

དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65སོང་རིང་། བོད་ཀྱིས་སྐྱེ་ཁམས་སྲུང་སྐྱོང་དང་བདག་སྐྱོང་གི་བཀོད་པ་ཆེན་པོ་ཧུར་ཐག་བཏོད་པས་སྐྱེ་ཁམས་ཁོར་ཡུག་སྔར་བས་ལེགས་སུ་ཕྱིན་པ་དང་། མྱ་ངམ་ཐང་དུ་འགྱུར་བ་དང་བྱེ་འགྱུར་ས་ཞིང་གཉིས་ཀ་ཉུང་དུ་ཕྱིན་པ།“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”ཉིན་བཞིན་ཇེ་རྒྱས་སུ་ཕྱིན་པ་བཅས་ལས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་རྣམ་པ་ཞིག་རིམ་བཞིན་མངོན་བཞིན་མཆིས།

(ཉི་མ་ཆོས་གྲུབ་ཀྱིས་བསྒྱུར། ཉི་དོན་དང་དཔའ་མོས་ཞུས)