《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年03月26日

ཉིང་ཁྲི་གྲོང་ཁྱེར་གྱིས“ས་གནས་ཀྱི་ཚད་གཞི་དང་ཁྱད་ལྡན་ཞིམ་ཟས་ཟུང་དུ་འབྲེལ་བའི”བྱེད་སྟངས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་པ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་ཟླ་3ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཚད་ལྡན་ཅན་གྱི་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་ཏེ“ས་གནས་ཀྱི་ཚད་གཞི་དང་ཁྱད་ལྡན་ཞིམ་ཟས་ཟུང་དུ་འབྲེལ་བའི”བྱེད་སྟངས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ནས། ཉིང་ཁྲིའི་ས་ཁོངས་ཀྱི་ཁྱད་ལྡན་ཞིམ་ཟས་ཀྱི་ཚད་གཞི་བཟོས་ཏེ་སྐྱེ་ཁམས་དང་། རིག་གནས། ཡུལ་སྐོར་བཅས་ཀྱི་སྤུས་རྟགས་ཀྱི་ཕན་འབྲས་དང་མིང་བྱང་གི་ཕན་འབྲས་ཆེ་རུ་བཏང་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་སྒྱུར་བཅོས་སྒོ་དབྱེ་སྔོན་ལ་བྱེད་པར་སྐུལ་འདེད་བྱས་ཡོད།

ཉིང་ཁྲི་གྲོང་ཁྱེར་གྱིས་ཁྱད་ལྡན་ཞིམ་ཟས་ཀྱི་ཚད་གཞི་དེ་ཉིང་ཁྲིའི་རིག་གནས་ཀྱི་མིང་བྱང་ཞིག་ཏུ་བརྩིས་ནས་ཁྱད་ལྡན་ཞིམ་ཟས་ཚད་ལྡན་ཅན་གྱི་ལས་དོན་དེ“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དང་། རིམ་ཁག་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་བཀོད་སྒྲིག སྲིད་གཞུང་གི་ལས་དོན་སྙན་སྒྲོན་བཅས་ནང་བཅུག་ནས་ཏང་ཨུད་ཀྱིས་འགོ་ཁྲིད་པ་དང་། སྲིད་གཞུང་གིས་འགན་འཁུར་བ། སྡེ་ཚན་གྱིས་གཞོགས་འདེགས། གོང་འོག་གཞི་གཅིག་ཏུ་གྱུར་པ་བཅས་ཀྱི་མཉམ་འགུལ་ལས་ཀའི་ལམ་སྲོལ་ཞིག་ཏུ་ཆགས་པར་བྱས་པས། ཁྱད་ལྡན་ཞིམ་ཟས་ཐོན་ལས་ཅན་ལ་ཕྱོགས་སྒྱུར་ཡོང་བར་སྐུལ་མ་ཐེབས་ནས་རྒྱ་ཆེའི་བཟའ་བཏུང་ཚོང་གཉེར་ཚན་པ་དང་ཡུལ་སྐོར་བར་བྲོ་བ་ཞིམ་ཅིང་སྤུས་ཚད་དང་བདེ་འཇགས་ལྡན་པའི་ཉིང་ཁྲིའི་ཁྱད་ལྡན་ཞིམ་ཟས་འདོན་པར་དབང་གྲགས་ལྡན་པའི་ཁྲིད་སྟོན་ཐུབ་ཡོད།

ཉིང་ཁྲི་གྲོང་ཁྱེར་གྱིས་ཞིམ་ཟས་རིག་གནས་ལ་དམིགས་ནས་ཚད་གཞི་བཟོས་ཤིང་། “ཡིད་དབང་འཕྲོག་པའི་ཉིང་ཁྲིའི”ཁྱད་ལྡན་ཞིམ་ཟས་ཀྱི་རིག་གནས་རྒྱུན་འཛིན་སྲུང་སྐྱོང་བྱས་ནས། “མེ་ཏོག་གི་རྡོ་ཁོག”དང་། “སྨན་གླིང་གི་བོད་བྱ”སོགས་རྒྱལ་ཁབ་ཀྱི་ས་གནས་མཚོན་རྟགས་སྲུང་སྐྱོང་ཐོན་རྫས་སྤུས་རྟགས་ཀྱི་ལེགས་ཆ་དང་དེ་བཞིན་མོན་པ་དང་། ལྷོ་པ། ཏེང་པ་བཅས་ཀྱི་དམངས་སྲོལ་ཁྱད་ཆོས་ལ་བརྟེན་ནས་ཉིང་ཁྲིའི་ཁྱད་ལྡན་ཚལ་སྣའི་ཚད་གཞིར་བརྟག་ཞིབ་གཏིང་ཟབ་བྱས་ཐོག མི་རིགས་ཀྱི་ཁྱད་ལྡན་ཞིམ་ཟས་ཀྱི་ཐོན་ཁུངས་གང་ལེགས་སྔོག་འདོན་གྱིས《ཉིང་ཁྲིའི་ཁྱད་ལྡན་ཞིམ་ཟས་གཟིགས་འབུལ》ཞེས་པ་རྩོམ་འབྲི་བྱས་ནས། ཚལ་སྣ་45བསྡུས་ཏེ་ཉར་ཚགས་བྱས་ནས་ཞིམ་ཟས་མྱོང་རོལ་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་རྒྱ་ཆེར་བཏང་ཡོད། མིག་སྔའི་བར“ཉིང་ཁྲིའི་ཀླུ་ནང་གི་རྡོ་ཁོག་བྱ་ཤ”དང་། “རྫ་ཡུལ་ཏེང་པའི་ཁྱད་ལྡན་ཤ་འབྲས”སོགས་ཁྱད་ལྡན་ཞིམ་ཟས་ཀྱི་ཚད་གཞི་8ཁྱབ་བསྒྲགས་བྱས་ནས་ལག་ལེན་བསྟར་ཡོད་ལ། མེ་ཏོག་རྫོང་མོན་ལྷོའི་རྡོ་ཁོག་ཚགས་ཤ་དང་། མོན་པའི་སུར་པན་དཀར་པོའི་ཕག་ཤ་བསྲེས་མ། ཇ་ལོ་བསྲེས་མའི་སྒོང་བརྔོས་སོགས་ཁྱད་ལྡན་ཚལ་སྣའི་ཚད་གཞི་13བདེ་བླག་ངང་བཟོས་ནས། ཉིང་ཁྲིའི་ཁྱད་ལྡན་ཞིམ་ཟས་ཚད་གཞི་ཅན་དང་སྤུས་རྟགས་ཅན་དུ་འཛུགས་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

(པ་སངས་ཚེ་རིང་གིས་བསྒྱུར། ཚེ་དབང་ལྷ་མོ་དང་པ་ཚེས་ཞུས)