《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年03月26日

བོད་ལྗོངས་སྐྱིད་གྲོང་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས།

གཅིག་འཐུས་རྣམ་པའི་འགག་སྒྲོལ་ཞབས་ཞུས་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་ཟླ་3ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་སྐྱིད་གྲོང་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས“གློད་སྡོམ་ཞབས་གསུམ”སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས། འགག་སྒོའི་དོ་དམ་ཨུ་ལྷན་དང་འགག་སྒོ་སོགས་འགན་ནུས་སྡེ་ཚན་དང་མཉམ་ལས་ཧུར་ཐག་བྱས་ཏེ་ཆ་འཕྲིན་མཉམ་སྤྱོད་ལ་སྐུལ་འདེད་བཏང་བ་དང་། ཉེན་རྟོག་པ་བཀོད་སྒྲིག་དང་ཞིབ་བཤེར་བརྒྱུད་རིམ་དེ་བས་ལུགས་མཐུན་དུ་བཏང་བ། ཕྱིར་གཏོང་ནང་འདྲེན་གྱི་དངོས་ཟོག་ཞིབ་བཤེར་དང་དེ་བཞིན་ཐེངས་གཅིག་ལ་འགྲོ་ལུགས་གཉེར་བའི་གཅིག་འཐུས་རྣམ་པའི་འགག་སྒྲོལ་ལག་བསྟར་བྱས་པས། རླངས་འཁོར་ཞིབ་བཤེར་དང་སྒོ་ཁྲལ་གནས་ཞུའི་ཞིབ་བཤེར་ནས་སྐྱེལ་འདྲེན་རྒྱལ་སྒྲོལ་བར་འབྲེལ་མཐུད་ནུས་ལྡན་བྱུང་སྟེ་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་ཐུབ་ཡོད་པ་རེད།

2023ལོའི་ལོ་འགོ་ནས་ད་བར་སྐྱིད་གྲོང་འགག་སྒོའི་ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་དངུལ་འབོར་སྒོར་དུང་ཕྱུར་30ལས་བརྒལ་བ་དང་འགག་སྒོ་ལས་སྒྲོལ་མཁན་མི་ཐེངས་ཁྲི་16ལྷག་ཙམ་ཟིན་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། འགག་སྒྲོལ་ཞབས་ཞུ་དེ་རིགས་ལས་ཕྱིར་གཏོང་ནང་འདྲེན་གྱི་ཚོང་ཟོག་ཞིབ་བཤེར་བྱེད་པར་སྒུག་མི་དགོས་པ་དང་འགག་སྒོར་ཞིབ་བཤེར་ནར་འགྱངས་མི་བྱེད་པ་མངོན་འགྱུར་ཐུབ་ནས། དེ་སྔ་རྙོག་དྲ་ཆེ་བའི་འགག་སྒྲོལ་འགྲོ་ལུགས་ད་ཆ་སྐར་མ་གསུམ་ནས་ལྔའི་ནང་གཉེར་ཐུབ་ཀྱི་ཡོད། འགག་སྒྲོལ་མྱུར་ཚད་ལྡབ་གཅིག་ཡན་མགྱོགས་སུ་ཕྱིན་ནས་ཕྱིར་གཏོང་ནང་འདྲེན་གྱི་དུས་འཁོར་ཐུང་དུ་ཤུགས་ཆེན་ཕྱིན་པ་དང་ཁེ་ལས་ཀྱི་མ་གནས་ཀྱང་དམའ་རུ་ཤུགས་ཆེན་ཕྱིན་ཡོད།

(ཚངས་འཁོར་གྱིས་བསྒྱུར)