《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年03月26日

བློ་གཅིག་སེམས་གཅིག་གིས་བྱ་བ་དངོས་བསྒྲུབས། བརྩེ་བ་ཟབ་མོས་དམངས་ཀྱི་སེམས་ཁྲལ་སེལ།

ལྷ་ས་གྲོང་ཁྱེར་གྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་དམངས་འཚོའི་ཞབས་ཞུ་འགན་ལེན་གྱི་ལས་དོན་ཡག་པོ་སྒྲུབ་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་24ཉིན་གནས་ཚུལ་འབྱོར་གསལ། ལྷ་ས་གྲོང་ཁྱེར་གྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་གཉིས་པ་གྲོང་ཚོར་བཅའ་སྡོད་བྱས་པ་ནས་བཟུང་། “ཉིན་བརྒྱའི་གྲོང་ཚོ་དང་དུད་ཚང་དུ་བརྟག་ཞིབ་ཆེན་པོ”བྱེད་པ་དེ་མང་ཚོགས་ཀྱི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པ་དང་ཟུང་འབྲེལ་དང་། མང་ཚོགས་དང་འབྲེལ་བ་བྱེད་པ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བ། མང་ཚོགས་དང་མཉམ་འདྲེས་བཅས་དང་ཟུང་འབྲེལ་བྱས་ཏེ་བྱ་བ་བཟང་པོ་དང་བྱ་བ་དངོས་ལ་བརྟེན་ནས་ཞིང་འབྲོག་མང་ཚོགས་བློ་ཡིད་འཚིམ་པར་བྱས་ནས་དམངས་འཚོའི་ཞབས་ཞུ་འགན་ལེན་ལས་དོན་ཁག་ཞིབ་ཚགས་དང་ཏན་ཏིག་ངང་བསྒྲུབས་ཏེ། གྲོང་སྡོད་ཧྲུའུ་ཅི་དང་པོ་དང་གྲོང་སྡོད་ལས་དོན་རུ་ཁག་གི་སྟོབས་གསར་དམག་དཔུང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད།

སྟོད་ལུང་བདེ་ཆེན་ཆུས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱས་ནས། “ཉིན་བརྒྱའི་གྲོང་ཚོ་དང་དུད་ཚང་དུ་བརྟག་ཞིབ་ཆེན་པོ”གཏིང་ཟབ་བྱས་ཏེ་དམངས་ཚུལ་དང་དམངས་འདུན་ཤེས་རྟོགས་བྱེད་པ་དང་། གྲོང་སྡོད་ལས་དོན་རུ་ཁག་གི་ཆ་སྒྲིག་རོགས་སྐྱོར་ལམ་སྲོལ་འཛུགས་པ། ཁོངས་གཏོགས་ཁུལ་གྱི་རྒན་རྒོན་དང་། བྱིས་པ། ནད་པ། དབང་པོ་སྐྱོན་ཅན། སྦྲུམ་མ་སོགས་ཉམས་ཞན་ཚོགས་སྤྱིའི་འཚོ་བའི་གནས་ཚུལ་གྲལ་བཤེར་བྱེད་པ། དུས་བཀག་ནང་འཕྲོད་བསྟེན་ཁང་དང་གྲོང་ཚོའི་སྨན་པ་སོགས་གདན་དྲངས་ནས་གྲོང་མིར་འོས་འགན་སྨན་བཅོས་དང་བདེ་ཐང་བློ་འདྲི་བྱེད་ཀྱི་ཡོད།

ལྷུན་གྲུབ་རྫོང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་ཆེད་ལས་ལས་དོན་ཚོགས་པ་གདན་དྲངས་ནས་གཅོང་ནད་ཕོག་པའི་ནད་པའི་ཁྱིམ་ཚང་དང་། སློབ་མའི་ཁྱིམ་ཚང་། ཡུལ་གཞན་དུ་གནས་སྤོས་ཁྱིམ་ཚང་བཅས་སུ་བསྐྱོད་དེ་མང་ཚོགས་ཀྱི་རེ་ཞུ་ཉན་པ་དང་། སྨན་བཅོས་དང་། ལས་ཞུགས། སྡོད་ཁང་། རྒན་གསོ་སོགས་ཐད་ཀྱི་དཀའ་ངལ་ཞིབ་ཕྲ་དྲིས་པ། ཏང་གི་དམངས་ཕན་སྲིད་ཇུས་སྒྲོག་འགྲེལ་ནན་ཏན་བྱས་ཏེ་མང་ཚོགས་ལ་དམངས་འཚོའི་གནད་དོན་ཁག་ཆེན་པོ་5ཡི་ནང་དོན་13ཐག་གཅོད་བྱེད་རོགས་བྱས་པ་རེད།

མལ་གྲོ་གུང་དཀར་རྫོང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་དྲིལ་བསྒྲགས་གཏིང་ཟབ་བྱེད་པ་དང་ལས་དོན་གྱི་ལས་འགན་ཁག་ཟུང་འབྲེལ་གྱིས“གཞི་རིམ་གྱི་གདོང་སྐྱོད་པའི”ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྒྲོག་འགྲེལ་བྱེད་པ་དང་སྙིང་གཏམ་ཤོད་པ་ཟུང་འབྲེལ་དང་། རིགས་པའི་གཞུང་ལུགས་དང་ཅི་འཕྲོས་མོལ་འཕྲོས་ཟུང་འབྲེལ། སྒྲོག་འགྲེལ་ཆུང་གྲས་དང་བྱ་བ་དངོས་སྒྲུབ་པ་ཟུང་འབྲེལ་སོགས་ཀྱི་རྣམ་པར་བརྟེན་ནས་ཞིང་ནང་དང་མུ་ཁ་དང་། འབྲོག་རར་བསྐྱོད་དེ་ཅི་འཕྲོས་མོལ་འཕྲོས་བྱས་ནས་གནས་ལུགས་ཆེན་པོ་འགྲེལ་བཤད་བརྒྱབ་པ་དང་དཀའ་གནད་སེལ་བར་བརྟེན་ནས་དམངས་སེམས་ལ་དྲོ་སྐྱིད་སྦྱིན་ཏེ། ཕན་ཚུན་མཉམ་སྒུལ་གྱི་རྣམ་པའི་སྒྲོག་འགྲེལ་ཐེངས་200ལྷག་ཙམ་བྱས་པ་དང་དམངས་འཚོའི་བྱ་བ་དངོས་100ལྷག་ཙམ་བསྒྲུབས་པ་རེད།

སྙེ་མོ་རྫོང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་ཞབས་ཞུའི་རུ་ཁག་དང་འབྲེལ་འདྲེས་བྱས་ནས་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མིས་ཁོངས་གཏོགས་ཁུལ་གྱི་རྒན་རྒོན་དང་། གཟུགས་ཞན། ནད་པ། དབང་པོ་སྐྱོན་ཅན། སྦྲུམ་མ་བཅས་ཉམས་ཞན་ཚོགས་སྤྱིར“གཅིག་གཏད་གཅིག”གི་ཆ་སྒྲིག་རོགས་སྐྱོར་བྱས་པ་དང་། ཞིང་ལས་བྲེལ་བ་ཆེ་བའི་དུས་སུ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་མཉམ་དུ་འབྲུ་བསྡུ་རོགས་དང་ཞོག་ཁོག་སྔོག་རོགས་བྱེད་པ་དང་། ཞིང་ལས་དལ་དུས་སུ་དུད་ཚང་དུ་བསྐྱོད་དེ་ཏང་གི་དམངས་ཕན་སྲིད་ཇུས་སྒྲོག་འགྲེལ་བྱེད་པ་དང་དམིགས་བསལ་མི་ཚོགས་ལ་ལས་དོན་ཚབ་སྒྲུབ་བྱེད་རོགས་བྱེད་པ། མི་སྤྱི་དང་ཞིང་ལས་དངུལ་ཁང་སོགས་སྡེ་ཚན་གྱི་ལས་དོན་པ་སྒོ་རྩར་ཞབས་འདེགས་ཞུ་བར་གདན་དྲངས་པ། ཞིང་འབྲོག་པའི་ཁེ་དབང་སྲུང་སྐྱོང་ལས་དོན་ཁང་བཙུགས་ནས་མང་ཚོགས་མི་ཐེངས་10ལ་སྒོ་རྩར་བློ་འདྲིའི་ཞབས་ཞུ་བྱས་པ་དང་། མང་ཚོགས་ཀྱི་དཀའ་གནད་དང་དོགས་གཞི་30ལྷག་ཙམ་སེལ་བ། འགལ་ཟླ་དང་རྩོད་གཞི་སོགས་10ལྷག་ཙམ་འདུམ་འགྲིག་བྱས་པ། གྲོང་མི་ལས་མིའི་འགྱངས་ཆད་ཀྱི་གླ་ཆ་སྒོར་ཁྲི་130ལྷག་ཙམ་ལེན་རོགས་བྱས་པ་བཅས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱས་པ་རེད།

གྲོང་གསེབ་དར་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་བ་དང་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་ཆེད། འདམ་གཞུང་རྫོང་ཆུ་ཚན་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ཇི་ལྟར་བྱས་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་རྒྱུ་དེ“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས“དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། གྲོང་དར་དམངས་ཕྱུག་ལ་སྐུལ་འདེད་གཏོང་བ། དམངས་ལ་ཞབས་འདེགས་ཞུ་བ”བཅས་ཀྱི་ཐོག་མའི་བསམ་འདུན་དང་འོས་འགན་ལག་ལེན་བསྟར་ཏེ། མང་ཚོགས་ཀྱི་ཚགས་ཤ་སོས་པ་རྒྱ་མ་5000ལྷག་ཙམ་ཤ་ལྕུག་བཏང་ནས་ས་གནས་དེ་གའི་དྲ་ཐོག་མིང་ཅན་གདན་དྲངས་ཏེ་འཁྱུག་དབྱིངས་དང་སྐད་འཕྲིན་སོགས་ནས་ཕྱིར་ཚོང་བྱས་ཡོད། གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་ཐུན་མོང་ཐོག་ཐོན་རྫས་བདམས་ཏེ་རང་འགུལ་ངང་ཐུམ་སྒྲིལ་རྒྱག་རོགས་བྱས་པ་དང་། ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་14ལྷག་ཙམ་ཟིན་ཡོད་པ་རེད།

(པ་ཕན་གྱིས་བསྒྱུར། ལྷག་ཚེས་ཞུས)