《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年03月26日

རང་ལྗོངས་ཀྱི་ཉ་ནག་ཁྲའི་ཞིབ་འཇུག་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། གསར་འགོད་པས་ལྗོངས་ཚན་རྩལ་ཐིང་ནས་ཤེས་རྟོགས་བྱས་པར། མིག་སྔར་ཉ་ནག་ཁྲའི་རྨང་གཞིའི་ཞིབ་འཇུག་དང་མི་ཐབས་ལ་བརྟེན་ནས་གཞི་ཁྱོན་ཅན་གྱི་གསོ་ཚགས་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། ཉ་ནག་ཁྲའི་གཞི་རྒྱུའི་དཔེ་རིས་ལ་དབྱེ་ཞིབ་ཐུབ་ནས། བོད་ཀྱི་ས་མཐོའི་ཁྱད་ལྡན་ཉ་རིགས་ཀྱི་གཞི་རྒྱུའི་ཆ་འཕྲིན་ཐོག་མར་དབྱེ་ཞིབ་དང་ཉ་ནག་ཁྲའི་དེ་སྔའི་དམིགས་བསལ་གྱི་གཞི་རྒྱུའི་ཁྱད་ཆོས་ཤེས་རྟོགས་ཐུབ་པ་མ་ཟད། ཉ་ནག་ཁྲ་ལོ་1ནས་4བར་གྱི་ཉ་ཕྲུག་གསོ་ཚགས་ཀྱི་འགག་རྩའི་ལག་རྩལ་འགག་སྒྲོལ་ཐུབ་ཡོད། ཡར་ཀླུང་གཙང་པོའི་ཉ་ལས་ཐོན་ཁུངས་གསོ་སྤེལ་རྟེན་གཞིས་ཉ་ཕྲུག་དེ་རིགས་ཁྲི་1.3ལྷག་ཙམ་བདེ་བླག་ངང་རྒྱུད་སྤེལ་བྱས་པ་དང་སྤུས་ཚད་དང་གྲངས་འབོར་གཉིས་ཀར་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་ནས། ཉ་ནག་ཁྲའི་ཐོན་ཁུངས་སྲུང་སྐྱོང་དང་གསར་སྤེལ་བེད་སྤྱོད་ལ་རྨང་གཞི་བརྟན་པོ་བཏིང་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཉ་ནག་ཁྲ་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་ཡིན་ལ། བོད་ཀྱི་ཡར་ཀླུང་གཙང་པོ་ཁོ་ནར་ཡོད་པའི་ཡུལ་དེ་རང་གི་ཉ་རིགས་ཤིག་ཀྱང་ཡིན། 2021ལོར་ཞིང་ལས་དང་གྲོང་གསེབ་པུས་རྒྱལ་ཡོངས་ཀྱི་ཆུའི་ཐོན་རྫས་ཀྱི་སོན་རྒྱུའི་ཐོན་ཁུངས་ཆེ་གྲས་བཅུའི་གྲས་སུ་བཅུག་ཡོད། ཉ་དེའི་ཤ་བྲོ་བ་ཆེ་བ་དང་ཉ་རུས་ཉུང་བ་དང་སྨན་སྤྱོད་ཀྱི་རིན་ཐང་ངེས་ཅན་ལྡན་པ་བཅས་ལས་འཛད་སྤྱོད་པས་དགའ་པོ་བྱེད་ཀྱི་ཡོད། ས་མཐོའི་དམིགས་བསལ་ཁོར་ཡུག་དང་འཚམ་པ་དང་ཚན་ཞིབ་ཀྱི་རིན་ཐང་ཆེན་པོ་ལྡན་པས་གསར་སྤེལ་གྱི་མདུན་ལམ་ཆེན་པོ་ལྡན་པའི་རྩ་ཆེའི་ཉ་རིགས་ཀྱི་ཐོན་ཁུངས་སུ་གྱུར་ཡོད། “ལོ་ལྔ་ཚན་བཅུ་གསུམ་པ”ནས་བཟུང་ལྗོངས་ཚན་རྩལ་ཐིང་གིས་ཚན་རྩལ་རྣམ་གྲངས་མང་པོ་ཞིག་སྒྲིག་འཛུགས་ལག་བསྟར་བྱས་པ་དང་། ཉ་ནག་ཁྲའི་འབྲེལ་ཡོད་ཞིབ་འཇུག་ལས་དོན་སྤེལ་བས་ཕན་འབྲས་ཆེན་པོ་ཐོན་ཡོད།

ལྗོངས་ཚན་རྩལ་ཐིང་གི་འབྲེལ་ཡོད་འགན་འཁུར་བས་གོམ་སྟབས་རྗེས་མར། ཉ་ནག་ཁྲའི་འབྲེལ་ཡོད་ཞིབ་སྤེལ་ལ་མ་དངུལ་གཏོང་ཤུགས་དེ་བས་མང་དུ་བཏང་ནས་ཉ་ནག་ཁྲ་མི་ཐབས་ལ་བརྟེན་ནས་གསོ་ཚགས་བྱེད་པའི་ལག་རྩལ་མ་ལག་གི་འགག་རྩའི་ལག་རྩལ་འགག་སྒྲོལ་ཞིབ་སྤེལ་སྔར་བས་མགྱོགས་སུ་གཏོང་བ་དང་། གསོ་ཚགས་ཡག་པོ་བྱེད་པ། ཚན་རིག་དང་མཐུན་པའི་གསོ་སྤེལ་བྱེད་ཐབས་བཟོ་བ། ནུས་ལྡན་གྱི་ཐོན་ཁུངས་སླར་གསོ་དང་ཕན་འབྲས་ཚོད་སྐོར་བྱེད་ཐབས་དང་ཐོན་ཁུངས་གྱོང་གུན་གྱི་སྐྱེ་ཁམས་ཁ་གསབ་ཀྱི་ཕུགས་ཕན་ལམ་སྲོལ་བཟོ་བ་བཅས་བྱས་ཏེ། རང་ལྗོངས་ཀྱི་ས་མཐོའི་ཁྱད་ལྡན་ཉ་ལས་ཐོན་ཁུངས་སྲུང་སྐྱོང་བྱ་ཆེད་རིགས་པའི་གཞུང་ལུགས་ཀྱི་གཞི་འཛིན་ས་དང་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་བྱེད་ཀྱི་ཡིན་ཞེས་བརྗོད་བྱུང་།