འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཚེས་22ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་བསྟན་ཁོ་ཡིས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཚོགས་འདུ་ཐེངས་ཉེར་བཞི་པ་གཙོ་སྐྱོང་གནང་བ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཅུན་དང་། ཀྲང་ཡན་ཆིང་། ལིའུ་པོ་ཁྲེང་། ལི་ཝུན་ཀེ། སུན་ཤན་ཀྲུང་བཅས་ཚོགས་འདུར་ཞུགས་པ་རེད།
ཚོགས་འདུའི་ཐོག 《ཝང་ཝུའེ་ཏུང་གི་བོད་རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་གྱི་གོ་གནས་ནས་རྩ་དགོངས་ཞུ་བའི་རེ་འདུན་དང་ལེན་བྱ་རྒྱུའི་སྐོར་གྱི་གཏན་འབེབས(འཆར་ཟིན)》གྲོས་ཞིབ་བྱ་རྒྱུར་འབུལ་བའི་སྐོར་གྱི་གྲོས་གཞི་དང་འཐུས་མི་ཁག་གཅིག་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུ་དང་སྤྱི་བསྒྲགས(མ་ཟིན)ལ་ཞིབ་འཇུག་བྱས་པ་དང་། མཐའ་མཚམས་མི་སེར་གྱི་འབབ་འཕར་གནས་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་བརྟག་ཞིབ་ཚོགས་ཆུང་གི་བརྟག་ཞིབ་སྙན་ཞུ་གསན་པ། དེ་བཞིན་མི་དོན་བསྐོ་འཐེན་དོན་ཚན་ལ་ཞིབ་འཇུག་བྱས་པ་མ་ཟད། ད་དུང་གོང་གསལ་གྱི་གྲོས་གཞི་དང་། སྙན་ཞུ། དོན་ཚན་བཅས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དགུ་པར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་མོས་མཐུན་ཡང་བྱས་པ་རེད།
ཚོགས་འདུའི་ཐོག རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་ལྟ་ཞིབ་དང་ཁྲིམས་འཛིན་ཨུ་ལྷན་གྱིས《གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་དང་བཅོས་སྒྲིག་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་ཞུར་གྲོས་ཞིབ་བསམ་འཆར་ལག་བསྟར་དོན་འཁྱོལ་བྱ་ཚུལ་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྙན་ཞུ》ལ་གྲོས་ཞིབ་བྱས་པའི་བསམ་འཆར་ཉན་པ་རེད།