༄༅་། བཏང་སྙོམས་།
བཏང་སྙོམས་ནི།
འབོད་ཚིག་ཅིག་ཡེ་ནས་མིན།
བཏང་སྙོམས་ནི།
གླེང་ཆོག་ཆོག་གི་སྐད་ཆ་སྙན་པོ་དེ་བས་མིན།
བཏང་སྙོམས་ནི།
ཡིད་ཀྱི་སྣེ་མོར་བསྐོན་པའི་ལ་རྒྱའི་མདུད་པ་ཡིན།
ཕྱོགས་རིས་དང་རྒྱང་དུ་བཀྱེད་པ་དེ་བཏང་སྙོམས་སོ།
ཀུན་ལ་ལྟ་བའི་མིག་ཟུང་མངའ་བ་དེ་བཏང་སྙོམས་སོ།
ཡོད་ཚད་ལ་སྨན་པའི་གཏམ་སྨྲ་བ་དེ་བཏང་སྙོམས་སོ།
བཏང་སྙོམས་ནི།
རྒྱུ་མེད་རྐྱེན་མེད་མ་རེད།
བཏང་སྙོམས་ནི།
གཟུགས་མེད་སྒྲ་མེད་མ་རེད།
བཏང་སྙོམས་ནི།
སྙིང་ལ་བཏབ་པའི་དམ་ཚིག་གི་ཕུར་པའོ།
འདུ་ཤེས་ལ་ལྷད་མ་ཞུགས་པ་དེ་བཏང་སྙོམས་སོ།
རང་ཉིད་ཁོ་ན་མ་བསམ་པ་དེ་བཏང་སྙོམས་སོ།
སྤྱི་མཐུན་གྱི་ལྟ་བ་རྙེད་པ་དེ་བཏང་སྙོམས་སོ།
༄༅་། ཞིང་གྲོང་གི་འགྱུར་ཁུག་།
རྣ་བ་ཀྲོང་ངེར།
ཆེས་ཉེ་ས་ཞིག་ནས།
ཞིང་གྲོང་གི་འགྱུར་ཁུག་ལ་ཉན་དུས།
གདོད་མའི་གླུ་དབྱངས་ཤིག་གིས།
བྱིས་དུས་ཀྱི་སྣང་བ་ཐང་མར་བརྡལ་བྱུང་།
མིག་ཟུང་གསལ་ལེར།
ཆེས་ཡངས་ས་ཞིག་ནས།
ཞིང་གྲོང་གི་ལྷོད་ཉམས་ལ་ལྟ་དུས།
གདོད་མའི་བག་ཆགས་ཤིག་གིས།
བྱིས་དུས་ཀྱི་རྩེད་ར་ཞེ་ལ་ཐོགས་བྱུང་།
ལུས་སེམས་ལྷོད་བདེར།
ཆེས་རིང་ས་ཞིག་ནས།
ཞིང་གྲོང་གི་པང་ལ་འཁོར་དུས།
གདོད་མའི་གཏམ་རྒྱུད་ཅིག་གིས།
བྱིས་དུས་ཀྱི་འཚོ་བ་སྙིང་ནས་དྲན་བྱུང་།