ང་དང་ངའི་གྲལ་མཚེས་ནི། སྐབས་སྐབས་སུ་ཆེས་བཟང་བའི་གྲོགས་པོ་ཡིན་ལ། མཚམས་མཚམས་སུ་ཆེས་འཇིགས་པའི་དགྲ་ཡང་ཡིན། དུས་ཚོད་ནི་མཛུབ་བར་ནས་བཞུར་བའི་བྱེ་མ་ལྟར་ཡལ་ཀྱང་། རིང་ཡང་རིང་ལ་ཐུང་ཡང་ཐུང་བའི་ང་དང་ངའི་གྲལ་མཚེས་ཀྱི་གཏམ་རྒྱུད་ནི་ངའི་སེམས་ཀྱི་མེ་ལོང་ངོས་སུ་ཡང་ཡང་འཆར་འོང་།
ངའི་སྙིང་ཉེ་བའི་གྲལ་མཚེས་ལགས། ཁྱེད་ཀྱིས་ད་དུང་དྲན་ནམ། སྒྲོག་ཙེ་གཅིག་ཏུ་མཉམ་དུ་གཤིབ་སྐབས་ཀྱི་ཤབ་ཤུབ་ཀྱི་ལབ་གླེང་དང་། ལྷད་མེད་ཀྱི་དགོད་སྒྲ དེ་མིན། སྦྱོང་ཚན་དུས་ཐོག་ཏུ་མ་ཚར་བའི་སྐབས་ཅི་བྱ་གཏོལ་མེད་དུ་གྱུར་བའི་ང་དང་ཁྱོད་ཀྱི་ངང་ཚུལ་སོགས་ད་དུང་དྲན་ནམ། དེ་དུས། འུ་གཉིས་ནི་ཅི་འདྲའི་པྲ་ཆལ་དོད་པ་ཞིག་རེད་ཨང་།
ངའི་སྙིང་ཉེ་བའི་གྲལ་མཚེས་ལགས། ང་གཉིས་ཀྱི་འདས་སོང་གི་སྣང་བརྙན་མང་པོ་ད་དུང་ཁྱེད་ཀྱིས་དྲན་ནམ། སློབ་ཁྲིད་སྐབས་སུ་དགེ་རྒན་གྱི་དྲི་བར་སྐྲག་པའི་ང་དང་ཁྱོད། ལས་བྱ་རི་རབ་འདྲ་བ་དག་ལ་སུན་པའི་ང་དང་ཁྱོད། མི་ཤེས་པ་རྐུ་བཤུ་ལ་དགའ་བའི་ང་དང་ཁྱོད། ཕན་ཚུན་གྱི་ལས་བྱ་འབྲི་རོགས་བྱེད་པར་དགའ་བའི་ང་དང་ཁྱོད། དེ་ལྟ་བུའི་ང་གཉིས་ཀྱི་འདས་སོང་གི་སྣང་བརྙན་མང་པོ་མང་པོ་ཞིག་དལ་བ་དལ་བུར་ངའི་སེམས་དབུས་སུ་འཆར་འོང་། དེ་དུས། འུ་གཉིས་ནི་ཅི་འདྲའི་སྒྱིད་ལུག་ཆེ་བ་ཞིག་རེད་ཨང་།
ངའི་སྙིང་ཉེ་བའི་གྲལ་མཚེས་ལགས། ཁྱེད་ཀྱིས་ད་དུང་དྲན་ནམ། རྩིས་རིག་སློབ་ཁྲིད་ནི་འུ་གཉིས་ཀྱི་དཔེ་ཀློག་སློབ་ཐུན་ཡིན། རང་རང་ས་ནས་འཇམ་ཅག་གེར། ཁུ་སིམ་མེར། སྒྲུང་གཏམ་དང་སྙན་ངག་ཀློག་བཞིན། སྤྲོ་སྣང་དང་དགའ་བ་འཚོལ་བཞིན་དུ་ཧ་ཅང་རིང་བའི་རྩིས་རིག་སློབ་ཐུན་དེ་གྲོལ་ཐབས་བྱས་པ་ད་དུང་ངའི་དྲན་པའི་ངོས་སུ་གསལ་ལམ་མེར་མངོན་འོང་། དེ་དུས། འུ་གཉིས་ནི་ཅི་འདྲའི་ཧ་གོ་དོན་རྟོགས་མི་ཐུབ་པ་ཞིག་རེད་ཨང་།
ངའི་སྙིང་ཉེ་བའི་གྲལ་མཚེས་ལགས། ཁྱེད་ཀྱིས་ད་དུང་དྲན་ནམ། ནམ་རྒྱུན་ཁྱིམ་ནས་བྲོ་ཁ་ཁྱེར་ཡོང་དུས། མཉམ་ཟ་མཉམ་འཐུང་བྱེད་པ་དང་། ཡང་སྐབས་རེ་ཤིང་ཏོག་གཅིག་དུམ་བུ་ཆེ་ཆུང་ཤོར་བའམ་འཐུང་བྱ་འཐུང་སྐབས་ཧུབ་ཆེ་ཆུང་ཤོར་དུས་ཁ་རྩོད་རྒྱག་པའི་གནས་ཚུལ་སོགས་དུས་ད་ལྟ་ཡང་ངའི་སེམས་ཀྱི་མེ་ལོང་ངོས་སུ་ཁྲ་ཆེམ་མེར་གསལ་འོང་། དེ་དུས། འུ་གཉིས་ནི་ཅི་འདྲའི་དགོད་བྲོ་བ་ཞིག་རེད་ཨང་།
ངའི་སྙིང་ཉེ་བའི་གྲལ་མཚེས་ལགས། ཁྱེད་ཀྱིས་སོམས་དང་། འུ་གཉིས་ཀྱི་སློབ་མའི་འཚོ་བ་ནི་ཅི་འདྲའི་དྭངས་གཙང་དང་ལྷད་མེད་པ། ཡིད་དུ་འོང་ཞིང་། གཡོ་སྒྱུ་དང་ཕྲག་དོག་མེད་པའི་མཛེས་སྡུག་ལྡན་པ་ཞིག་རེད་ཨང་། ངས་བསམས་ན། ད་ལྟ་འུ་གཉིས་རང་རང་ས་ནས་རང་རང་གི་ལས་ཀ་བསྒྲུབས་ནས་འཚོ་བར་རོལ་བཞིན་ཡོད་ཀྱང་། ནམ་ཡང་རེ་སྒུག་བྱེད་པའི་འཚོ་བ་ནི་སློབ་མའི་འཚོ་བ་ལྟ་བུའི་ལྷད་མེད་དྭངས་གཙང་གི་འཚོ་བ་ཞིག་ཡིན་པ་སྨྲོས་ཅི་དགོས།
ངའི་སྙིང་ཉེ་བའི་གྲལ་མཚེས་ལགས། ངས་འདས་སོང་གི་ལོ་ཟླ་དང་བཞུད་ཟིན་པའི་གཏམ་རྒྱུད། བརྗོད་མི་ཚར་བའི་སྙིང་གཏམ་སོགས་མང་པོ་མང་པོ་ཞིག་བཤད་འདོད་ནའང་། ཇི་ལྟར་ཤོད་དགོས་པ་ཤེས་ཀྱི་མི་འདུག འོན་ཀྱང་། འུ་གཉིས་ཀྱི་འདང་བརྩེ་ནི་ང་དང་ཁྱོད་ཀྱི་གངས་དཀར་སེམས་ན་ནམ་ཡང་བརྟན་པོར་གནས་ཡོད།
ངའི་སྙིང་ཉེ་བའི་གྲལ་མཚེས་ལགས། མཐར་ཕྱིན་ཉིན་མོ་ནས་བཟུང་སྟེ། འུ་གཉིས་སླར་ཡང་འཕྲད་པའི་སྐལ་བ་ཕྲ་ལ། སླར་ཡང་འཕྲད་ཀྱང་སྔོན་མ་ལྟར་སློབ་གྲྭའི་ནང་ནས་འཕྲད་མི་སྲིད། གལ་སྲིད་སློབ་གྲྭའི་ནང་ནས་འཕྲད་པར་ཆ་བཞག་ནའང་ཁ་སྔོན་འཕྲད་པ་ལྟར་གྱི་ཚོར་སྣང་ཞིག་ཅི་ལ་ཡོད་སྲིད། ད་ནི། འུ་གཉིས་ཀྱི་སློབ་མའི་འཚོ་བ་མཇུག་འགྲིལ་ནས་འཚོ་བ་གཞན་ཞིག་གི་དབུ་ཁྱུད་བྲིས་ཟིན། འདི་ནི་ལྡོག་ཐབས་མེད་པའི་ལམ་བུ་ཞིག་ཡིན། ལམ་བུ་འདི་བགྲོད་པའི་བརྒྱུད་རིམ་ཁྲོད་ན། སྐབས་སྐབས་སུ་དཀའ་སྡུག་གི་མུན་པ་ནག་ལོང་ལོང་དུ་འཐིབས་སྲིདལ། མཚམས་མཚམས་སུ་དགའ་སྤྲོའི་འོད་སྣང་གསལ་ལྷམ་མེར་འཕྲོས་འོང་། གང་ལྟར་ཡང་། ང་དང་ངའི་གྲལ་མཚེས་ལགས། ལམ་ནི་རྐང་འོག་ནས་རྒྱང་ལ་འཐེན་ཡོད་པས། སྙིང་སྟོབས་ཀྱི་གོ་ཆ་བརྟན་པོར་སྤྲས་ནས། འཚོ་བའི་ལྷ་ལམ་ཡངས་པོར་ནམ་འཕང་གཅོད་བཞིན་འོད་སྟོང་འབར་བའི་ལམ་བུ་གསར་པ་ཞིག་འཚོལ་ཆེད་དུ། དུས་ནམ་ཡང་། མདུན་ནས་མདུན་དུ་སྐྱོད་དང་།