འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་གཞིས་རྩེ་གྲོང་ཁྱེར་གྱི“རི་རྩེའི་མཛེས་ལྗོངས”ཞེས་པའི་བརྗོད་དོན་གཙོ་བོའི་རྩེར་སོན་ཐང་གའི་འགྲེམས་སྟོན་ཁྲུང་ཆིང་གྲོང་ཁྱེར་ཧྥན་ཧྭ་རྟེན་མཛོད་ཁང་དུ་བྱས་ཤིང་། ཁྱོན་འགྲེམས་སྟོན་ནང་གཞིས་རྩེའི་རྩེར་སོན་ཐང་ག་100ལྷག་ཙམ་འགྲེམས་སྟོན་བྱས་ཏེ། གཞིས་རྩེའི་ཐང་གའི་རིག་གནས་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་འགྲེམས་སྟོན་དེ་གཞིས་རྩེ་གྲོང་ཁྱེར་རིག་གནས་ཅུས་དང་ཁྲུང་ཆིང་གྲོང་ཁྱེར་ནན་ཨན་ཆུས་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་གཙོ་གཉེར་བྱས་པ་དང་། གཞིས་རྩེ་ཐང་གའི་མཐུན་ཚོགས་དང་། ཁྲུང་ཆིང་ཧྥང་ཧྭ་རྟེན་མཛོད་ཁང་། ཁྲུང་ཆིང་ནན་ཨན་ཆུས་རྟེན་མཛོད་ཁང་། ཁྲུང་ཆིང་གི་གནའ་བོའི་ཕོ་བྲང་རིག་དངོས་ལྷོ་སྤོས་དྲན་གསོ་ཁང་བཅས་ཀྱིས་མཉམ་དུ་གཉེར་བ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་གཞིས་རྩེའི་རྩེར་སོན་ཐང་གའི་སྒྱུ་རྩལ་གྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱེད་པ་དང་། ཐང་གའི་སྒྱུ་རྩལ་ལ་སྤྱི་དམངས་ཀྱི་ཤེས་རྟོགས་དང་མྱོང་རོལ་གྱི་ཆུ་ཚད་མཐོ་རུ་གཏོང་བ། གཞིས་རྩེ་དང་ཁྲུང་ཆིང་དབར་གྱི་རིག་གནས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། གཞིས་རྩེའི་ཐང་གའི་སྒྱུ་རྩལ་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རེད། ཤེས་རྟོགས་བྱུང་བར་གཞིགས་ན་འགྲེམས་སྟོན་འགོ་ཚུགས་པའི་ཉིན་དེར་ཐང་གའི་མངགས་ཐོར་ཁྱོན་སྒོར་ཁྲི་207.5ཟིན་ཡོད་པ་རེད།