《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年03月20日

ནག་ཆུ་བབས་ཚུགས་མངགས་གཏོང་ཁང་གིས།

ཏང་དར་གྱི་སྣེ་ཁྲིད་འོག“མཁའ་ལམ” གྱི་དུས་བདེ་བསྲུངས་པ།

ནག་ཆུ་བབས་ཚུགས་མངགས་གཏོང་ཁང་གི་གཤམ་འོག་ཏུ་འདམ་གཞུང་དང་ཨ་མདོའི་ཉེན་རྟོག་ལས་དོན་སྒྲུབ་ཁུལ་གཉིས་ཡོད་པ་དང་ད་ཆ་ཏང་ཡོན་17ཡོད། ཉེ་བའི་ལོ་ཤས་རིང་། མངཌ་གཏོང་ཁང་གི་ཏང་ཀྲི་པུས་ཏང་འཛུགས་སྐྱོང་དང་སྤྱི་བདེའི་ལས་སྒོའི་ལས་དོན་ལ་དམ་འཛིན་ནན་པོ་དང་། བདེ་སྲུང་གི་ལས་དོན་གལ་ཆེན་ལ་དམ་འཛིན་ཞིབ་ཚགས། དཔུང་ཁག་དོ་དམ་ལ་དམ་འཛིན་ཤུགས་ཆེན། དམིགས་ཚད་ཀྱི་སྟོན་ཕྱོགས་བསམ་བློ་མཐའ་འཁྱོངས་བཅས་བྱས་པས། ལས་དོན་ཁག་ལ་འཕེལ་རྒྱས་མྱུར་པོ་བྱུང་བ་སྟེ། སྤྱི་བདེ་པུའི་ལྕགས་ལམ་སྤྱི་བདེ་ཅུས་ཀྱིས“ཕུལ་བྱུང་གི་སྤྱི་བདེའི་གཞི་རིམ་སུའོ(རུ་ཁག)”ལ་བདམས་པ་དང་། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གིས“སྔོན་ཐོན་གྱི་གཞི་རིམ་ཏང་རྩ་འཛུགས”ལ་བདམས་པ། མཚོ་བོད་ལྕགས་ལམ་སྤྱི་བདེ་ཅུས་ཀྱིས“ཕུལ་བྱུང་གི་ཏང་ཀྲི་པུའུ”དང“ཕུལ་བྱུང་གི་གཞི་རིམ་ཚན་པར”བདམས་པ། ནག་ཆུ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས“མཉམ་སྡེབ་ཀྱི་བྱས་རྗེས་རིམ་པ་གསུམ་པའི”མཚན་སྙན་སྤྲད་པ་བཅས་རེད།

མཚོ་བོད་ལྕགས་ལམ་ནི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་དང་ལམ་ཐག་རིང་ཤོས་ཀྱི་ས་མཐོའི་ལྕགས་ལམ་ཞིག་རེད། ནག་ཆུ་བབས་ཚུགས་མངགས་གཏོང་ཁང་དེ་ས་བབ་མཐོ་ཚད་སྨི་4513ཟིན་པའི་བོད་བྱང་ཐང་དུ་གནས་པ་དང་མཚོ་བོད་ལྕགས་ལམ་དེ་ཉིད་བོད་ཀྱི“བྱང་སྒོ་ཆེན་པོར”འཛུལ་རྗེས་ཀྱི་མེ་འཁོར་བབས་ཚུགས་ཀྱི་མངགས་གཏོང་ཁང་དང་པོ་དེ་རེད། “དོ་དམ་བྱེད་ཁོངས་ནི་གདང་ལའི་རི་རྒྱུད་དང་། གཉན་ཆེན་ཐང་ལྷའི་རི་རྒྱུད། གངས་ཏི་སེའི་རི་རྒྱུད་བཅས་ཡིན་ལ། འཁྱགས་ས་དང་། མི་མེད་ཁུལ། ཞིང་འབྲོག་ཁུལ་བཅས་ལ་ཁྱབ་ཁར། དེ་གའི་ས་བབ་མཐོ་ཤིང་གྲང་ངར་ཆེ་ལ་གསོ་རླུང་དཀོན་པ་དང་ཉིན་མཚན་དྲོད་ཚད་ཧེ་བག་ཆེ་བས། རང་བྱུང་ཆ་རྐྱེན་ཧ་ཅང་ཞན་པོ་ཡོད་རུང་། ང་དང་ལས་རོགས་ཚོས་ཕྱིར་བཤོལ་གཏན་ནས་བྱེད་མྱོང་མེད་པར་ལས་གནས་བརྟན་སྲུང་བྱས་ཏེ། མཚོ་བོད་ལྕགས་ལམ་བདེ་འཇགས་ངང་ཤར་གཏོང་ཐུབ་པའི་འགན་ལེན་བྱས་པ་ཡིན”ཞེས་མངགས་གཏོང་ཁང་གི་སུའོ་ཀྲང་མཱ་ཞིན་ཧྥུའུ་ཡིས་བཤད།

བདེ་འཇགས་དོ་དམ་ཚོད་འཛིན་གྱི་འཇོན་ཐང་ཕྱོགས་ཡོངས་ནས་ཆེ་རུ་གཏོང་ཆེད། མངཌ་གཏོང་ཁང་གིས་མི་དམངས་ཉེན་རྟོག་པ་དང་ལམ་སྐྱོང་བ་སྒྲིག་འཛུགས་བྱས་ནས་སྐོར་གཡེང་བྱེད་ཐེངས་མང་དུ་བཏང་ཡོད། དེ་དང་ཆབས་ཅིག་ནུས་ལྡན་གྱི་བྱ་ཐབས་སྣ་ཚོགས་སྤྱད་དེ་ཉེ་རིང་ཟུང་འབྲེལ་དང་གནས་ཀྱིས་ཁྱོན་ལ་སྣེ་ཁྲིད་བྱེད་པ་དང་། སློབ་གྲྭ་འབྲིང་ཆུང་དང་གྲོང་ཚོའི་འབྲོག་དུད་དུ་བསྐྱོད་དེ་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོར་དམ་འཛིན་ཡག་པོ་བྱེད་པ། འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བ་དང་འབྲོག་དུད་ལ་དོ་དམ་དང་སློབ་གསོ་གཏོང་བར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་ལམ་ཐིག་གི་བདེ་འཇགས་འགན་ལེན་བྱས་ཡོད། རིམ་རྩིས་བྱས་ན་སྤྱི་ལེ་2100ལྷག་ཙམ་གྱི་ལམ་ཐིག་ལ་སྐོར་ཞིབ་དང་ཁྲིམས་སྐྱོང་དྲིལ་བསྒྲགས་ཐེངས་50ལྷག་ཙམ་བྱས་པར་མི་ཐེངས་1800ལྷག་ཙམ་ལ་ཕན་པ་ཐོབ་པ་དང་འགན་འཁྲིའི་ཡི་གེ་1800ལྷག་ཙམ་བཞག་ཡོད།

གཞི་རིམ་གྱི་སུའོ(རུ་ཁག)ཡིན་པའི་ནག་ཆུ་བབས་ཚུགས་མངགས་གཏོང་ཁང་གིས་ཏང་ཡོན་ལས་བྱེད་པའི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་རྒྱུ་མཐའ་འཁྱོངས་བྱས་ཡོད། ཏང་ཀྲི་པུས་རྒྱུན་གཏན་གྱི་ལས་དོན་ཁྲོད་དཔུང་ཁག་དོ་དམ་ལ་དམ་འཛིན་ནན་པོ་དང་དཔུང་ཁག་གི་སྒྲིག་ཁྲིམས་ནན་སྲུང་བྱས་ཏེ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་། མི་དམངས་ཉེན་རྟོག་པའི་བསམ་བློ་ཆབ་སྲིད་སློབ་གསོ། སྙིང་གཏམ་ཤོད་རེས་དང་ཁྱིམ་ཚང་དུ་འཚམས་འདྲིར་སྐྱོད་པ། ཉེན་ཟོན་སློབ་གསོའི་བརྙན་ཐུང་ལྟ་བ། དཔའ་བོ་དཔེ་བཟང་བའི་སྙིང་སྟོབས་སློབ་སྦྱོང་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་མི་དམངས་ཉེན་རྟོག་པའི་བསམ་བློའི་རྨང་གཞི་བརྟན་དུ་བཏང་བ་དང་། སྒྲིག་ཁྲིམས་ལས་འགལ་ཏེ་གསོལ་སྟོན་བཤམས་པ་དང་ཆང་རག་བཏུང་བར་ཆེད་དོན་བཅོས་སྒྲིག་དང་། དཔུང་ཁག་གི་ཉེན་ཁ་དང་མི་མངོན་པའི་རྐྱེན་ངན་གྲལ་བཤེར་ཆེན་པོ་དང་བཅོས་སྒྲིག་ཆེན་པོ་སོགས་བྱས་པ་བརྒྱུད། དཔུང་ཁག་གི་སྤྱོད་ཚུལ་སྔར་བས་ལེགས་སུ་ཕྱིན་པ་དང་དཔུང་ཁག་གི་དོ་དམ་ཆུ་ཚད་མཐོ་རུ་ཕྱིན་ཡོད།

ནག་ཆུ་བབས་ཚུགས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཡོངས་ཀྱིས་སྲ་ཞིང་བརྟན་པའི་ཏང་གཤིས་དང་། སྤྲོ་སེམས་འཁོལ་པོ། རྣམ་འགྱུར་ནན་ཏན། སྤྱོད་ཚུལ་བཟང་པོ་རྒྱུན་འཁྱོངས་བཅས་བྱས་ཏེ། འགན་འཁྲི་མི་བརྗེད་པ་དང་ལྷག་བསམ་རྣམ་དག་གིས་འགན་ནུས་སྒྲུབ་པའི་ངོ་མཚར་གྱི་ལེའུ་གང་མང་བཏོད་ཡོད།

(ཚེ་ཁོས་བསྒྱུར། ལྷ་དབང་དང་ཚེ་ཁོས་ཞུས)