1959ལོར་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ཚུན་གྱི་ལོ་65ནི་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་སེ་གོལ་གཏོགས་ཙམ་ཡིན་མོད། འོན་ཀྱང་དེས་གངས་ལྗོངས་ས་མཐོར་བཞག་པའི་དྲན་ཤེས་ནི་མུན་ནག་ནས་འོད་ཟེར་དང་། རྗེས་ལུས་ནས་ཡར་ཐོན། དབུལ་ཕོངས་ནས་འབྱོར་ཕྱུག སྲིད་དབང་སྒེར་གཅོད་ནས་དམངས་གཙོ། སྒོ་རྒྱག་ནས་སྒོ་དབྱེ་བཅས་ཀྱི་ཕྱོགས་སུ་བསྐྱོད་པ་དེ་རེད།
ལོ་65ཡི་འབད་འཐབ་ལོ་རྒྱུས་ལམ་བུའི་ཐོག་ས་མཐོའི་བུ་ཕྲུག་ཚོས་ཏང་གི་ཉི་འོད་དང་སྦྲང་ཆར་ཟིལ་མའི་འོག་རླབས་ཆེན་མེས་རྒྱལ་གྱི་དྲོ་སྐྱིད་ལྡན་པའི་པང་དུ་དཀའ་ངལ་དང་འགྲན་སློང་ལ་ཁ་གཏད་ཧུར་ཐག་བཅག་ནས་ངོ་མཚར་ཆེ་བའི་ལོ་རྒྱུས་ཡང་ནས་ཡང་དུ་བཏོད་དེ། དབུལ་ཕོངས་དང་རྗེས་ལུས་ཀྱི་བོད་རྙིང་པ་དེ་དཔལ་འབྱོར་དར་རྒྱས་གོང་འཕེལ་དང་། སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་ཐོན། སྐྱེ་ཁམས་ཁོར་ཡུག་ལེགས་པ། མི་དམངས་ཀྱི་འཚོ་བ་བདེ་ཞིང་སྐྱིད་པ་བཅས་ཀྱི་བོད་ལྗོངས་གསར་པ་ཞིག་ཏུ་བསྐྲུན་ཡོད།
ཡར་ལངས་ཞིང་བྲན་གྱིས་གླུ་དབྱངས་གསར་པ་ལེན།
ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁེ་གསུམ་སྡེ་ཁུལ་ནི་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོ་དེ་ཡིན་ཞིང་། ལོ་65ཡི་གོང་དེ་གའི་ཡར་ལངས་ཞིང་བྲན་443ལ་མི་རབས་ནས་མི་རབས་བར་རེ་སྒུག་བྱེད་པའི་ས་ཞིང་བགོ་བཤའ་རག་ནས་རྩ་ཆེའི་རང་དབང་ཐོབ་ཡོད།
མིག་རྒྱང་དེ་ཁེ་གསུམ་སྡེ་ཁུལ་ནས་ལྗོངས་ཡོངས་ལ་ཕྱོགས་ཚེ་ཐམས་ཅད་དུས་དེ་ནས་འགོ་ཚུགས་པ་དང་ཐམས་ཅད་དེའི་དབང་གིས་བརྗིད་ཆགས་མཛེས་སྡུག་ལྡན་པ་ཞིག་ཏུ་གྱུར། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཏང་ཀྲུང་དབྱང་གིས་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་དང་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ནས་འགོ་བཙུགས་ཏེ། གལ་འགངས་ཆེ་ལ་ལོ་རྒྱུས་ཀྱི་འགག་རྩའི་དུས་མཚམས་ཚང་མར་བོད་ཀྱི་ལས་དོན་ལ་ཞིབ་འཇུག་དང་ཇུས་འགོད་གནང་བ་དང་། རྩེ་རིམ་ཇུས་འགོད་དང་འཐབ་ཇུས་བཀོད་སྒྲིག་གི་ཐོག་ནས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་བའི་ནུས་ལྡན་གྱི་བྱ་ཐབས་རབ་དང་རིམ་པ་བཏོན་པ་དང་། གྲོང་ཁྱེར་རེ་རེ་བཞིན་བསྐྲུན་པ། བཟོ་གྲྭ་རེ་རེ་བཞིན་བཙུགས་པ། གཞུང་ལམ་རེ་རེ་བཞིན་བསྐྲུན་པ། སྔོ་ལྗང་ཁུལ་མང་དག་བཏོད་པ་སོགས་ལས་གནའ་བོའི་ས་གཞི་དེ་རྨོངས་གཉིད་ལས་སད་ནས་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བཞིན་མཆིས།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་ནས། བོད་ཀྱི་ལས་དོན་ཡག་པོ་སྒྲུབ་ཆེད་སེམས་ནུས་ཆེན་པོ་བཏོན་གནང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བོད་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་དང་། (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) ཆ་ཚང་བ། གནད་ལ་འཁེལ་བ་བཅས་ཀྱི་སྒོ་ནས་ལག་བསྟར་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད། བློ་བརྟན་འགྱུར་མེད་ངང“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞིར་དམ་འཛིན་ཡག་པོ་བཅས་བྱས་ནས། དངོས་འཛིན་དངོས་སྒྲུབ་དང་འགག་སྒྲོལ་དཀའ་སེལ་གྱིས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པར་སྐུལ་འདེད་བཏང་ཡོད།
གྲངས་གཞི་ཁག་ལས་བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི“དུས་འཁོར་གྱི་གཏམ་རྒྱུད”ལ་ཡིད་དབང་འཕྲོག་ཤུགས་ཆེན་པོ་དེ་བས་ལྡན་ཡོད། 1959ལོར་བོད་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1.74དང་མི་རེར་ཆ་སྙོམས་སྒོར་142ལས་ཟིན་གྱི་མེད། 2023ལོར་ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་2300ལྷག་ཙམ་སོ་སོར་ཟིན་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་5དང་ཁྲི་2ལྷག་ཙམ་སོ་སོར་ཟིན་ནས་དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།
དེང་གི་བོད་ལྗོངས་སུ་དཔལ་འབྱོར་འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་སུ་ཕྱིན་པ་དང་། ཕྱོགས་བསྡུས་སྟོབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་པ། མི་དམངས་མང་ཚོགས་ཀྱི་ཡོང་འབབ་སྔར་བས་མང་དུ་སོང་བ། སྡོད་སའི་ཁང་པ་སྔར་བས་ཡག་ཏུ་ཕྱིན་པ། རྩ་གཉིས་ཨང་རྟགས་བཤེར་ནས་ཅ་ལག་ཉོ་ཐུབ་པ། ཤུགས་འགྲེམས་མེ་འཁོར་ལ་བསྡད་ནས་ཡུལ་སྐོར་ལ་འགྲོ་ཐུབ་པ་སོགས་སྔོན་ཆད་རྟག་ཏུ་རེ་སྒུག་བྱེད་པའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་དཔལ་འབྱོར་གྱི་སྟོབས་ཤུགས་ཉིན་བཞིན་ཆེ་རུ་ཕྱིན་པ་དང་བསྟུན་ནས་རིམ་བཞིན་མངོན་འགྱུར་བྱེད་བཞིན་ཡོད།
བདེ་སྐྱིད་ལྡན་པའི་འཚོ་བ་ནི་སྦྲང་རྩི་ལས་ཀྱང་མངར།
བོད་ལ་བཅིངས་འགྲོལ་བཏང་བའི་ཉིན་དེ་ནས་བཟུང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་བོད་ཀྱི་དམངས་འཚོ་འགན་ལེན་གྱི་ལས་དོན་དེ་གལ་འགངས་ཤིན་ཏུ་ཆེ་བའི་གནས་བབ་ཐོག་བཞག་ནས་ཆུང་ཙག་ནས་དམ་འཛིན་དང་། དམ་འཛིན་ཞིབ་ཚགས། དམ་འཛིན་དངོས། དམ་འཛིན་ཡག་པོ་བཅས་བྱས་པས་མང་ཚོགས་ཀྱི་འཚོ་བ་ཉིན་རེ་ལས་མ་འདས་པར་ལེགས་སུ་ཕྱིན་ཡོད།
—— བོད་རྙིང་པར་དེང་རབས་བཟོ་ལས་མེད། ད་ཆ་བོད་དུ་ཁྱད་ཡོན་ལྡན་པའི་གཏེར་ཁའི་ཐོན་ལས་དང་། འཛུགས་སྐྲུན་རྒྱུ་ཆའི་ལས་རིགས། མི་རིགས་ལག་ཤེས་བཟོ་ལས། བོད་སྨན་ལས་རིགས་བཅས་ཀྱིས་ཀ་རྟེན་བྱེད་པ་དང་། གློག་ཤུགས་དང་། ཞིང་འབྲོག་ཐོན་ཟོག་ལས་སྣོན། བཟའ་བཏུང་ཐོན་རྫས་ལས་སྣོན་བཅས་ཚུད་པའི་བོད་ཀྱི་ཁྱད་ཆོས་མངོན་གསལ་དོད་པའི་དེང་རབས་ཀྱི་བཟོ་ལས་མ་ལག་རགས་ཙམ་ཆགས་ཡོད།
—— བོད་རྙིང་པར་གཞུང་ལམ་གཅིག་ཀྱང་མེད། ད་ཆ་གཞུང་ལམ་འཛུགས་སྐྲུན་གཙོ་བོར་བྱེད་པ་དང་། མཁའ་ལམ་དང་། ལྕགས་ལམ། མདོང་ལམ་སྐྱེལ་འདྲེན་བཅས་མཐུན་སྦྱོར་འཕེལ་རྒྱས་ཕྱིན་ནས་ལྷ་ས་ལྟེ་བར་བྱེད་པའི་ཕྱོགས་བཞི་མཚམས་བརྒྱད་ལ་ཤར་གཏོང་ཐུབ་པའི་འགྲིམ་འགྲུལ་སྐྱེལ་འདྲེན་དྲ་རྒྱ་ཞིག་གྲུབ་སྟེ་རྫོང་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པ་དང་། རྫོང་ཚང་མར་འོད་ཁྲིད་ཚི་སྐུད་ཤར་གཏོང་ཐུབ་པ། ཤང་ཚང་མར་ཁ་པར་ཤར་གཏོང་ཐུབ་ཡོད།
—— བོད་རྙིང་པར་དེང་རབས་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་གཅིག་ཀྱང་མེད། ད་ཆ་བོད་དུ་བོད་ཀྱི་གསོ་བ་རིག་པ་དང་། ཀྲུང་ལུགས་གསོ་རིག ཕྱི་ལུགས་གསོ་རིག་བཅས་ཟུང་དུ་འབྲེལ་བའི་འཕྲོད་བསྟེན་མ་ལག་ཅིག་ཆགས་ནས་རྒྱལ་ཡོངས་ཀྱི་སྔོན་དུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་སྨན་བཅོས་འགན་བཅོལ་ཕྱོགས་ཡོངས་ལ་ཁྱབ་པ་དང་འབྲེལ། སྨན་རིན་མི་དགོས་པའི་སྨན་བཅོས་རྨང་གཞིར་བྱེད་པའི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་རིམ་བཞིན་བཙུགས་ཡོད།
རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་མངོན་པར། 2023ལོར། རང་སྐྱོང་ལྗོངས་ཀྱིས་གྲོང་མིའི་འབབ་འཕར་སྐོར་གྱི“དོན་ཚན་16”བཏོན་པ་དང་། ཞིང་འབྲོག་པ་ཁྲི་64.7ལས་ཞུགས་གཞན་སྒྱུར་བྱས་ནས་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་65.6བྱུང་བ། ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་ཐུབ་ཚད་3605ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ། སྨན་བཅོས་མཉམ་འབྲེལ་ཚོགས་པ་དང་སྨན་བཅོས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་ས་ཁོངས་ཀྱི་སྨན་བཅོས་ལྟེ་གནས་2གསར་དུ་བསྣན་པ། ཐུམ་འབུའི་ནད་སྨན་བཅོས་བྱེད་དགོས་རིགས་ཚང་མ་སྨན་བཅོས་དང་གྲུམ་བུ་ཚེགས་ཆེན་གྱི་ནད་བཅོས་དགོས་རིགས་ཚང་མ་སྨན་བཅོས་བྱས་པ། གཞི་རྩའི་སྨན་བཅོས་འགན་བཅོལ་ཞིང་ཆེན་རིམ་པས་གཅིག་གྱུར་འཆར་འགོད་སྔོན་ལ་བྱེད་པ། ལུས་རྩལ་ཕོ་རྒོད་ལ་འགྲན་བསྡུར་ཆེན་པོའི་གཟེངས་བསྟོད་རྟགས་མ་109ཐོབ་པ། བོད་ལྗོངས་མཛེས་རྩལ་ཁང་དང་ཟློས་གར་ཁང་ཆེན་པོ་སྤྱོད་འགོ་ཚུགས་པ། རིག་གནས་དམངས་ཕན་བྱེད་སྒོ་གཏིང་ཟབ་སྤེལ་བ་སོགས་རེད།
དགའ་འོས་པའི་གྲུབ་འབྲས་འདི་ལྟ་བུ་ཐོབ་པ་ལས“དུས་རབས་ཕྱེད་ཀ་ལྷག་ཙམ་རིང་གི་བོད་ཀྱི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཆེན་པོ”སྟེ་དམངས་འཚོ་ནི་འགོ་འཛུགས་ས་དང་དོན་ལ་བབས་ས་ཡིན་པ་བདེན་དཔང་ཐུབ་ཡོད་ལ། དེང་གི་བོད་ལྗོངས་ནི་ལོ་རྒྱུས་ཐོག་འཕེལ་རྒྱས་འགྲོ་མགྱོགས་ཤོས་དང་མི་དམངས་ཀྱི་བདེ་སྐྱིད་སྟོན་གྲངས་མཐོ་ཤོས་ཀྱི་དུས་སྐབས་ཤིག་རེད།
འབད་འབུངས་ཆེན་པོས་འཚོ་བ་གསར་པ་གཏོད།
“ད་ལོ་ཆར་ཆུ་དུས་སུ་འབབ་པ་དང་ལོ་ཕྱུགས་རྟག་ཏུ་ལེགས་པ། མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་མི་དམངས་བདེ་སྐྱིད་ལྡན་པར་ཤོག”ཅེས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་དར་རྒྱས་ཤང་དར་རྒྱས་གྲོང་ཚོའི་ཡུལ་མི་བསོད་ནམས་ཚེ་རིང་གིས་རྨོ་འདེབས་འཕྲུལ་འཁོར་གྱི་ལྡིར་སྒྲ་དང་བསྟུན་ནས་ཁོད་སྙོམས་པའི་ས་ཞིང་ལ་རྨོད་རྒྱག་གིན་སྨོན་ལན་བཏབ།
“ང་ཚོའི་ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་ཏང་གིས་གནང་བ་ཞིག་ཡིན་པ་དང་། ང་ཚོའི་རྐང་འོག་གི་ས་གཞི་ནི་ང་ཚོའི་རླབས་ཆེན་མེས་རྒྱལ་གྱི་ས་གཞི་རེད། ང་ཚོ་ཙམ་མ་ཟད། ང་ཚོའི་མི་རབས་རྗེས་མས་ཀྱང་རྒྱལ་ཁབ་ཀྱི་མངའ་ཁོངས་ས་ཆ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པ་ཚང་མས་ཤེས་པར་བྱེད་དགོས”ཞེས་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་རྫ་ཡུལ་རོང་སྟོད་གྲོང་རྡལ་སོག་བརླིང་གྲོང་ཚོའི་ཡུལ་མི་དང་མཐའ་མཚམས་སྐོར་ཞིབ་པ་ཚེ་དབང་སྒྲོལ་མས་བརྗོད་པ་དང་ཁོང་གི་ཉིན་རེའི་ལས་འགན་ནི་སྐོར་ཞིབ་བྱས་ནས་མེས་རྒྱལ་གྱི་མཐའ་མཚམས་ས་ཆ་སྲུང་རྒྱུ་དེ་རེད།
དམངས་གཙོའི་བཅོས་སྒྱུར་བྱས་པ་བརྒྱུད། བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་སྔ་ས་ནས་རྒྱལ་ཁབ་ཀྱི་བདག་པོར་གྱུར་ཡོད། ཏང་གི་དྲོ་སྐྱིད་ལྡན་པའི་ཉི་འོད་འོག་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་བུ་ཕྲུག་གིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཏེ། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་ཡག་པོ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་ཡག་པོ་བྱས་དང་བྱེད་མུས་རེད།
ལོ་རྒྱུས་ལ་དྲན་གསོ་ཡག་ཤོས་ཞུ་བ་ནི་དངོས་སྒྲུབ་ལ་བརྟེན་ནས་དེ་བས་ལེགས་པའི་ལོ་རྒྱུས་གསར་པ་གཏོད་རྒྱུ་དེ་རེད། 2023ལོའི་ཟླ་12པར། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རང་སྐྱོང་ལྗོངས་སྐབས་བཅུ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་ལོ་ཧྲིལ་པོའི་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་པ་སྟེ།
—— སྤུས་ཚད་མཐོ་བའི་འཕེལ་རྒྱས་མཐའ་འཁྱོངས་བྱེད་པ་ནི་བསྙོན་མེད་དོན་དམ་ཞིག་ཡིན་པས། དཔལ་འབྱོར་གྱི་གཞི་ཁྱོན་རྒྱུན་མཐུད་ཆེ་རུ་དང་། འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ། ཐོན་སྐྱེད་ནུས་ཤུགས་ཀྱི་བཀོད་པ་ལེགས་སུ་བཅས་བཏང་ནས། བོད་འདི་ཉིད་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱང་ལམ་གསར་པར་བརྟན་བགྲོད་རྒྱང་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་།
—— འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་དང་། ཆ་ཚང་བ། གནད་ལ་འཁེལ་བ་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ། ཆ་ཤས་དང་སྤྱི་ཡོངས་དང་། གཙོ་གནད་དང་སྤྱིར་བཏང་། དུས་ཐུང་གི་དམིགས་ཚད་དང་རྒྱང་རིང་གི་དམིགས་ཚད་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་སུ་མདུན་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས་པ།
—— བརྟན་ཐོག་ཡར་འཕེལ་དང་། ཡར་བརྟེན་བརྟན་སྐུལ། སྔོན་འཛུགས་རྗེས་གཏོར་བཅས་ཀྱི་གལ་འགངས་ཆེ་བའི་བརྟག་ཐབས་སྨྲ་བར་བརྟེན་ནས་བརྟན་པོ་དང་ཡར་འཕེལ་གྱི་འབྲེལ་བ་ཚན་རིག་དང་མཐུན་པའི་ངང་ཐག་གཅོད་ཡག་པོ་དང་འཛུགས་པ་དང་གཏོར་བའི་གོ་རིམ་ལ་སྟངས་འཛིན་ཡག་པོ་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་ཆེན་པོ་སྣོན་དགོས་པ་སོགས་རེད།
བོད་ཀྱིས་འགྲན་སློང་ལ་ཁ་གཏད་གཅོག་པའི་འབད་འཐབ་བྱེད་ཐེངས་རེ་རེ་ལས་ཕན་འབྲས་བསྐལ་བརྒྱར་ཐོན་པ་དང་ཕན་པ་མི་རབས་ནས་མི་རབས་བར་ཐོབ་པ་ལག་ལེན་ལས་ར་འཕྲོད་ཐུབ་ཡོད།
འབྱུང་འགྱུར་ད་དུང་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཞི་ཅིན་ཕིང་གི་དུས་རབས་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བཅས་བྱས་ཚེ། བོད་འདི་ཉིད་མི་རིགས་བསྐྱར་དར་གྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཛེས་སྡུག་ལྡན་པའི་ངོ་མཚར་ཞིག་སླར་ཡང་གཏོད་ཐུབ་ངེས་ཡིན་པ་ལག་ལེན་ལས་ར་འཕྲོད་ཐུབ་རྒྱུ་རེད།
(ཉི་དོན་དང་བསོད་ནམས་དཔའ་མོས་སྒྱུར་ཞུས་བྱས)