སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མི་སེམས་གཅིག་ཏུ་སྒྲིལ་བར་དངོས་པོའི་སྟོབས་ཤུགས་དང་བསམ་པའི་སྟོབས་ཤུགས་ཟུང་འབྲེལ་བྱས་ནས་མི་སེམས་དང་སྟོབས་ཤུགས་དེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཐད་གཅིག་ཏུ་སྒྲིལ་དགོས།
མི་སེམས་གཅིག་སྒྲིལ་གྱི་རྩ་དོན་གལ་ཆེན་ལས་མི་དམངས་མང་ཚོགས་ནི་ལོ་རྒྱུས་གསར་གཏོད་གནང་མཁན་ཡིན་པའི་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་ལྟ་བ་མཐའ་འཁྱོངས་བྱེད་པ་མངོན་ཞིང་། ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་གི་མི་སེམས་དང་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་ཆེན་པོ་དུས་གཅིག་ཏུ་སྒྲིལ་དགོས།
མི་སེམས་ནི་ཆབ་སྲིད་ཆེ་ཤོས་ཡིན་ཞིང་། གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་ཁག་ཏུ་རང་རེའི་ཏང་གིས་ཀྲུང་ཧྭའི་བུ་ཕྲུག་གིས་ཐུན་མོང་ཐོག་འབད་འཐབ་བྱེད་པའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བས་རྒྱལ་ཁ་རླབས་པོ་ཆེ་ཡང་ནས་ཡང་དུ་ཐོབ་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་། འཛམ་གླིང་ལ་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོའི་མདུན་དུ་མི་སེམས་གཅིག་སྒྲིལ་གྱི་ལས་དོན་དེ་བས་ཡག་པོ་བསྒྲུབས་ཚེ་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེ་གཞི་ནས་ཕྱོགས་གང་ཅིའི་ཐད་ནས་རྣམ་པར་རྒྱལ་ངེས་རེད། བོད་ལྗོངས་ནི་དམིགས་གསལ་གྱི་མཐའ་མཚམས་མི་རིགས་ས་ཁུལ་དང་རྒྱལ་ཁབ་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་ཞིག་ཡིན་པའི་ཆ་ནས། མི་སེམས་གཅིག་སྒྲིལ་ནི་ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད།
དུས་རབས་གསར་པའི་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་མི་སེམས་གཅིག་སྒྲིལ་གྱི་རྩ་དོན་གལ་ཆེན་ངེས་པར་དུ་མཐའ་འཁྱོངས་བྱེད་དགོས། འབད་བརྩོན་ལྷོད་མེད་ངང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་ཀྱིས་མི་རིགས་ཁག་གི་མང་ཚོགས་ཀྱི་བློ་གྲོས་དང་སྟོབས་ཤུགས་དེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གཅིག་ཏུ་སྒྲིལ་དགོས། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་གྱི་ལས་དོན་མཐའ་དག་གི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་། མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་མཐའ་འཁྱོངས། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས། དམངས་འཚོའི་བྱ་བ་དངོས་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གཙོ་རྐང་ལ་དམ་འཛིན་ནན་པོ་བྱས་ཏེ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་བོད་ཀྱི་ལས་དོན་ཀྱི་གཞི་འཛིན་ས་དང་ཤུགས་རྒྱག་སར་བརྩི་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འཛུགས་གཏོད་ལས་དོན་གཏིང་ཟབ་སྤེལ་ནས་མི་རིགས་ཁག་གི་མང་ཚོགས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། “བསམ་བློའི་གནད་དོན”དོ་དམ་ལ་དེ་བས་མཐོང་ཆེན་བྱས་ཏེ་འདུ་ཤེས་འཛིན་སྟངས་ལས་དོན་གྱི་རང་འགུལ་དམག་འཐབ་ཡག་པོ་རྒྱག་པ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས་མི་རིགས་ཁག་གི་མང་ཚོགས་ལ་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་སློབ་གསོ་ཁྲིད་སྟོན་བྱེད་དགོས། རིག་གནས་བྱ་གཞག་དང་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་བསམ་བློ་དང་རིག་གནས་ཀྱི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་དགོས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་མི་འབོར་དང་། མི་སེམས། ཤེས་ལྡན་པ་བཅས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ནས་མི་འབོར་གྱི་བྱང་ཚད་མཐོར་གཏོང་དང་། མི་སེམས་གཅིག་སྒྲིལ། ཤེས་ལྡན་པ་གསོ་སྐྱོང་སོགས་ཀྱི་ལས་དོན་རྒྱུན་མཐུད་ཡག་པོ་བསྒྲུབས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་འདེགས་སྐྱོར་ནུས་ལྡན་བྱེད་དགོས།
(ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར། པ་ཚེས་ཞུས)