《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年03月16日

སྐལ་བཟང་མེ་ཏོག་དང་འདྲ་བར་མེས་རྒྱལ་གྱི་མཐའ་མཚམས་སུ་རྩ་བ་བརྟན་པོ་བཙུགས་པ།

ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཀྱིས“མཐའ་སྟོབས”ཀྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་གི་བྱ་སྤྱོད་ལག་ལེན་གཏིང་ཟབ་བསྟར་ཏེ་མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་རིག་ལྡན་མཐའ་སྲུང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། དམག་སྲིད་དང་དམག་དམངས་མཐུན་སྒྲིལ་སྲ་བརྟན་དུ་གཏོང་བ། ཐོན་ལས་ལ་བརྟེན་ནས་མཐའ་མཚམས་ས་ཁུལ་འཕེལ་རྒྱས་ལ་ཁྲིད་སྟོན་བཅས་བྱས་ཏེ་མཐའ་སྲུང་སྲ་བརྟན་དང་། མཐའ་མཚམས་བདེ་འཇགས། མཐའ་མཚམས་མི་སེར་བདེ་སྐྱིད་བཅས་ཡོང་བར་འགན་ལེན་བྱས་ཡོད།

པད་སྒྲོན་ནི་གྲོ་མོ་རྫོང་གྲོ་མོ་སྨད་ཤང་བང་མདའ་གྲོང་ཚོའི་གནས་སྤོས་དུད་ཚང་ཁག་དང་པོའི་གྲས་ཤིག་ཡིན་ལ། རང་ལྗོངས་ཀྱི་མཐའ་དར་དམངས་ཕྱུག་བྱ་སྤྱོད་ལ་ཞུགས་མཁན་དང་ཕན་པ་ཐོབ་མཁན་ཞིག་ཀྱང་ཡིན། ཁོང་ནི་གྲོང་ཚོའི་སྒྲོག་འགྲེལ་པ་ཞིག་ཡིན་པས་དུས་བཀག་ལྟར་མང་ཚོགས་ལ་ཏང་གི་སྲིད་ཇུས་སྒྲོག་འགྲེལ་བྱེད་པ་མ་ཟད། ཁོམ་པ་ཡོད་དུས་ཚང་མར་བསླས་འཐག་ལག་རྩལ་བསླབས་ནས་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་ནུས་ཤུགས་ཧུར་ཐག་འདོན་གྱི་ཡོད། དཔལ་འབྱོར་ཡོང་འབབ་མང་དུ་གཏོང་ཆེད། ཁོང་གིས་གྲོ་མོ་རྫོང་བང་མདའ་གྲོང་ཚོའི་ཡུལ་སྐོར་ལས་རིགས་ཉིན་བཞིན་འཕེལ་རྒྱས་འགྲོ་བའི་གོ་སྐབས་ལ་བརྟེན་ནས་རང་ཁྱིམ་གྱི་ཐོག་སོ་གཉིས་ལྡན་གྱི་སྡོད་ཁང་དེ་མགྲོན་ཁང་དུ་སྒྱུར་བཀོད་བྱས་པས་ཡུལ་སྐོར་ལ་བརྟེན་ནས་ཕྱུག་འགྱུར་ལམ་བུར་བསྐྱོད་ཐུབ་པ་བྱུང་ཡོད།

“སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ཞིང་པའི་འབབ་འཕར་ལ་སྐུལ་འདེད་གཏོང་བར་དམིགས་ནས་གྲོང་གསེབ་ཀྱི་དམངས་ཕྱུག་ཐོན་ལས་སྟོབས་ཆེར་གཏོང་བ་དང་། ཞིང་ལས་གཉེར་སྐྱོང་གི་བྱེད་པོ་གསར་པ་དང་སྤྱི་ཚོགས་ཅན་གྱི་ཞབས་ཞུ་འཕེལ་རྒྱས་གཏོང་བ། གྲོང་གསེབ་ཀྱི་ཤེས་ལྡན་པ་གསོ་སྐྱོང་དང་བེད་སྤྱོད་ཡག་པོ་བཅས་བྱེད་དགོས་ཞེས་བཏོན་ཡོད། ང་ཚོས་སྲིད་ཇུས་ཀྱི་གོ་སྐབས་ལ་ངེས་པར་དུ་དམ་འཛིན་བྱས་ཏེ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། མང་ཚོགས་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱེད་པ། མེས་རྒྱལ་གྱི་རྩྭ་རྩི་ཤིང་རྐང་གཅིག་ལ་ཡང་ལྟ་སྐྱོང་བཅས་བྱས་ནས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་དགོས”ཞེས་པད་སྒྲོན་གྱིས་སེམས་ཤུགས་ཆེན་པོས་བཤད།

སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། གྲོང་གསེབ་འཛུགས་སྐྲུན་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ནས་གྲོང་གསེབ་ཀྱི་ཆུ་གློག་ལམ་དང་། སོལ་རླངས། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་ལེགས་སུ་ཤུགས་ཆེན་གཏོང་དགོས་ཞེས་བཏོན་ཡོད། དེས་མངའ་རིས་ས་ཁུལ་སྒར་རྫོང་བཀྲིས་སྒང་ཤང་བདེ་མཆོག་གྲོང་ཚོའི་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་ཚེ་རིང་གཡང་འཛོམས་ལ་སྐུལ་ལྕག་ཆེན་པོ་ཐེབས་པ་མ་ཟད། ཁོང་གི་སེམས་ཤུགས་ཀྱང་འཕེལ་ཡོད།

བདེ་མཆོག་གྲོང་ཚོ་ནི་སེང་གེ་ཁ་འབབ་སྨད་རྒྱུད་ཀྱི་ནུབ་ངོགས་སུ་གནས་པ་དང་མཐའ་མཚམས་དང་བར་ཐག་སྨི་600ལས་མེད་པས་མངའ་རིས་ས་ཁུལ་གྱི“མཐའ་མཚམས་ཀྱི་གྲོང་ཚོ་དང་པོ”ཞེས་བརྗོད་ཀྱི་ཡོད། 2012ལོའི་གོང་མི་ཚང་མས་བདེ་མཆོག་གྲོང་ཚོ་ནི་དབུལ་པོ་དང་རྗེས་ལུས་ཀྱི་གྲོང་ཚོ་ཞིག་ཏུ་བརྩི་གི་ཡོད། དུས་ཐུང་ལོ་བཅུ་ལྷག་ཙམ་ནང་དེ་གར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།

“ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་བདེ་མཆོག་གྲོང་ཚོའི་སྡོད་ཁང་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཞིང་། རབས་དང་པོའི་སྡོད་ཁང་གོག་ཏོ་ནས་རབས་ལྔ་པའི་སྡོད་ཁང་སྒོ་ར་རང་སྒྲིག་བར་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་ལེགས་པ། ལེགས་པ་ནས་སྤུས་དག་བར་འགྱུར་ལྡོག་བྱུང་ནས་གྲོང་མིའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད”ཅེས་ཚེ་རིང་གཡང་འཛོམས་ཀྱིས་གསར་འགོད་པར་བཤད།

བདེ་མཆོག་གྲོང་ཚོའི་མང་ཚོགས་ཀྱི་སྡོད་ཁང་གི་འགྱུར་ལྡོག་རེ་རེ་ལས་ཏང་དང་སྲིད་གཞུང་གིས་མཐའ་མཚམས་མང་ཚོགས་ལ་སེམས་ཁུར་དང་ཐུགས་ཁུར་གནང་ལུགས་ར་འཕྲོད་ཐུབ་ཀྱི་ཡོད། ཚེ་རིང་གཡང་འཛོམས་ཀྱིས“གོམ་སྟབས་རྗེས་མར་ང་ཚོའི་གྲོང་ཚོས་འདེབས་འཛུགས་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ངལ་ནུས་ཕྱིར་གཏོང་ཤུགས་ཆེར་གཏོང་བ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བ་བཅས་བྱས་ནས་གྲོང་ཚོ་སྟོབས་ཆེ་ལ་མང་ཚོགས་ཕྱུག་པ་དང་མཐའ་མཚམས་མཛེས་པའི་རྣམ་པ་གང་ལེགས་མངོན་ཐུབ་པ་བྱ་རྒྱུ་ཡིན”ཞེས་བཤད།

ཏང་གི་འོད་སྟོང་མཐའ་མཚམས་ལ་འཕྲོ་བ་དང་མཐའ་མཚམས་མི་དམངས་ཀྱི་སེམས་པ་ཏང་ལ་ཕྱོགས། མིག་སྔར་མཐའ་མཚམས་ས་ཁུལ་དུ་འཕེལ་རྒྱས་མྱུར་པོ་འགྲོ་བཞིན་ཡོད་པ་དང་མཐའ་མཚམས་མང་ཚོགས་ཀྱི་འཚོ་བ་ཇེ་ཡག་ཏུ་སོང་ནས་རྒྱལ་གཅེས་མཐའ་སྲུང་གི་འདུ་ཤེས་གངས་ལྗོངས་ཀྱི་བུ་ཕྲུག་ཚང་མའི་སེམས་ལ་གཏིང་ཟབ་ཟུག་ཡོད། མི་རིགས་ཁག་གི་མང་ཚོགས་རྣམས་སྐལ་བཟང་མེ་ཏོག་ལྟར་མེས་རྒྱལ་གྱི་མཐའ་མཚམས་སུ་གཞིས་ཆགས་ཏེ་ཏང་ལ་བློ་དཀར་སེམས་དཀར་དང་མེས་རྒྱལ་ལ་ལྷག་བསམ་རྣམ་དག་བྱེད་པ་དེ་རྒྱལ་ཁབ་ཀྱི་ས་ཆ་གང་སར་ཁྱབ་པ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་པར་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད།

(བསོད་བདེ་གཞོན་པ་དང་པ་ཕན་གྱིས་སྒྱུར་ཞུས)