འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་ཟླ་3ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར“ངས་ཉིང་ཁྲིར་ཁྱེད་ཉིད་ཕེབས་སྒུག་ཞུ”ཞེས་པའི་བརྗོད་དོན་གཙོ་བོའི་པར་ལེན་འགྲེམས་སྟོན་ཧྲེན་ཀྲེན་གྲོང་ཁྱེར་པའོ་ཨན་མཛེས་རྩལ་ཁང་དུ་གཉེར་བ་རེད།
ད་ཐེངས་ཀྱི་འགྲེམས་སྟོན་ཐོག་ཁྱོན་པར་ལེན་བརྩམས་ཆོས་བརྒྱ་ལྷག་ཙམ་འགྲེམས་སྟོན་བྱས་པ་དང་། དུས་རབས་གསར་པར་བསྟོད་གླུ་ལེན་པ་དང་། ཉིང་ཁྲིའི་འཕེལ་རྒྱས་ཀྱི་བཀྲག་མདངས་འཚེར་ས་དང་ངོ་མཚར་ཆེ་བའི་དུས་སྐབས་མངོན་པ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་མངོན་པ་བྱ་རྒྱུ་བཅས་རྣམ་པ་གཙོ་བོར་བྱས་པ། དེའི་ཁོངས་སུ་མི་ཆོས་རིག་གནས་དང་། དམངས་སྲོལ་ལོ་རྒྱུས། རི་ཀླུང་གི་མཛེས་ལྗོངས་སོགས་ནང་དོན་ཚུད་ཡོད། བརྩམས་ཆོས་ནས་མངོན་པའི“བོད་ལྗོངས་ཅང་ནན”གྱི་མཛེས་ཤིང་ཡིད་དུ་འོང་བའི་རྣམ་པ་དང་། དུས་བཞིའི་འཕོ་འགྱུར་གྱི་མཛེས་པ། མཐའ་ཡས་ས་མཐོའི་བརྗིད་ཆགས་བཅས་ཀྱིས་ལྟད་མོ་བར་མིག་གི་ལོངས་སྤྱོད་བཤམས་པ་མ་ཟད། རིག་གནས་དང་སེམས་ཁམས་ནས་ཀྱང་ཡིད་སྨོན་སྐྱེས་བར་བྱས་ཡོད།
ཧྲེན་ཀྲེན་གྲོང་ཁྱེར་པར་ལེན་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཆིན་ཅུན་ཤའོ་ཡིས“ད་ལོ་ནི་རྒྱལ་ཡོངས་ཀྱིས་ཁ་གཏད་བོད་སྐྱོར་བྱས་ནས་ལོ་30འཁོར་བའི་ལོ་ཞིག་རེད། ད་ཐེངས་ཀྱི་འགྲེམས་སྟོན་བརྒྱུད་ཀོང་བོད་ས་གནས་གཉིས་ཀྱི་རིག་རྩལ་ལས་རིགས་ཀྱི་བརྩེ་དུང་ཟབ་མོ་དང་ཐུན་མོང་གི་དོན་གཉེར་སྔར་བས་མངོན་པར་བྱས་ཏེ། མི་དེ་བས་མང་བས་ཉིང་ཁྲིར་རྒྱུས་ལོན་བྱེད་དུ་བཅུག་ནས། ཉིང་ཁྲིའི་ཡིད་དབང་འཕྲོག་ཤུགས་དང་མཛེས་སྡུག་ལ་མྱོང་རོལ་ཐུབ་པ་དང་། དེ་བཞིན་ཉིང་ཁྲིའི་མཛེས་ལྗོངས་དང་རིག་གནས་གངས་ལྗོངས་ས་མཐོ་ཙམ་མ་ཟད། ཐ་ན་རྒྱལ་ཡོངས་དང་འཛམ་གླིང་དུ་དྲིལ་བསྒྲགས་ཀྱང་ཐུབ་པའི་རེ་བ་ཡོད”ཅེས་བརྗོད་པ་རེད།
ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་པར་ལེན་འགྲེམས་སྟོན་དེར་ཉིང་ཁྲི་དྲིལ་བསྒྲགས་དང་། ཉིང་ཁྲི་འོས་སྦྱོར། ཀོང་ཉིང་ས་གནས་གཉིས་ཀྱི་ཕུལ་བྱུང་རིག་གནས་ཕན་ཚུན་སྤེལ་རེས་ལ་སྐུལ་འདེད། ཀྲུང་ཧྭའི་རིག་གནས་རྒྱུན་འཛིན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད།
(ཟླ་ཕུར་གྱིས་བསྒྱུར། སྤེན་ཚེས་ཞུས)