འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་13ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པས་2024ལོའི་ལྗོངས་ཡོངས་ཀྱི་རླུང་འཕྲིན་བརྙན་འཕྲིན་ལས་དོན་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། འདི་ལོ་རང་ལྗོངས་ཀྱི་རླུང་འཕྲིན་བརྙན་འཕྲིན་དང་དྲ་རྒྱའི་ལྟ་ཉན་ཁོངས་གཏོགས་ཀྱིས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས་བྱ་ཐབས་སྣ་ཚོགས་སྤྱད་དེ་གསར་འགྱུར་གླེང་ཕྱོགས་ཀྱི་བརྒྱུད་བསྒྲགས་ནུས་པ་དང་། ཁྲིད་སྟོན་ནུས་པ། ཤུགས་རྐྱེན་ཐེབས་ཤུགས། ཀུན་གྱིས་ཡིད་ཆེས་བྱེད་ཚད་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་རླུང་འཕྲིན་བརྙན་འཕྲིན་དང་དྲ་རྒྱའི་ལྟ་ཉན་བྱ་གཞག་གི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་རྒྱུ་ཡིན་པ་རེད།
2024ལོར་རང་ལྗོངས་ཀྱི་རླུང་འཕྲིན་བརྙན་འཕྲིན་དང་དྲ་རྒྱའི་ལྟ་ཉན་ཁོངས་གཏོགས་ཀྱིས་སྲིད་ཇུས་འགན་སྲུང་དང་། མ་དངུལ་ལེ་ལག ཐོན་ཁུངས་མཐུན་སྦྱོར་སོགས་ཀྱི་ཐད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་འཆར་འགོད་ཇུས་འགོད་དང་། རོགས་སྐྱོར་སྐུལ་ལྕག ཐོ་འགོད་བྱས་ནས་རྣམ་གྲངས་འཛུགས་པ་སོགས་ལ་ནུས་ལྡན་གྱི་ཞབས་ཞུ་བྱ་རྒྱུ་དང་། རང་སྐྱོང་ལྗོངས་ཀྱི་ལྟ་ཞིབ་ཚད་ལེན་དང་ལྟ་འདོམས་ལྟེ་གནས་འཛུགས་རྒྱུའི་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབས་ཏེ་ལས་སྒོ་ཡོངས་མཉམ་འདྲེས་ཐོག་ལྟ་འདོམས་བྱེད་པའི་ལས་སྟེགས་བསྐྲུན་རྒྱུ་དང་ལྗོངས་ཡོངས་ཀྱི་ཁྲིམས་དང་མི་མཐུན་པའི་སྲུང་སྐར་ས་ངོས་བསྡུ་ལེན་སྒྲིག་ཆས་ཀྱི་ཆེད་དོན་བཅོས་སྒྲིག་ལས་དོན་ལ་རྒྱུན་མཐུད་སྐུལ་འདེད་གཏོང་རྒྱུ། ཉིང་ཁྲི་གྲོང་ཁྱེར་དང་ལྷོ་ཁ་གྲོང་ཁྱེར་གྱི་མཐའ་མཚམས་རྫོང་7གྱི་རིག་ལྡན་རླུང་འཕྲིན་བརྙན་འཕྲིན་མཐའ་བརྟན་ལས་གྲྭའི་འཛུགས་སྐྲུན་ལས་འགན་ལེགས་སྒྲུབ་བྱེད་པ་དང་དེ་བྱིངས་ཀྱི་མཐའ་མཚམས་རྫོང་14ཡི་དུས་འགོའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུ། གྲངས་གཞི་ཆེན་པོའི་འཕེལ་རྒྱས་འདུ་ཤེས་ཟབ་ཏུ་བཏང་ནས་རླུང་འཕྲིན་བརྙན་འཕྲིན་སྒྲིག་གཞི་དང་གློག་འཕྲིན་གཉེར་སྐྱོང་ཚོང་པ་དང་། དྲ་སྦྲེལ་ཁེ་ལས། གྲངས་གཞི་ཆེན་པོའི་ཚན་པ་བཅས་དབར་མཐུན་སྦྱོར་གཞོགས་འདེགས་ཀྱི་ལམ་སྲོལ་འཛུགས་པ་དང་། སྤུས་ཚད་མཐོ་བའི་རླུང་འཕྲིན་བརྙན་འཕྲིན་གྱི་5Gདྲ་རྒྱ་འཛུགས་སྐྲུན་བྱེད་པ། རླུང་འཕྲིན་བརྙན་འཕྲིན་གྱི་ལས་སྒོ་དེ་སྲིད་གཞུང་གི་ཞབས་ཞུ་དང་། སྤྱི་ཚོགས་ཀྱི་ཞབས་ཞུ། ཁྱིམ་ཚང་གི་ཞབས་ཞུ་བཅས་དང་མཉམ་འདྲེས་ཡག་པོ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྔོན་ཐོན་ལག་རྩལ་གྱིས་འདེགས་སྐྱོར་དང་། སྲོལ་རྒྱུན་གྱི་རླུང་འཕྲིན་བརྙན་འཕྲིན་དང་དེང་རབས་ཀྱི་དྲ་རྒྱའི་ལྟ་ཉན་གཞི་གཅིག་ཏུ་འདུས་པའི་ལྟ་ཉན་ཆེན་པོའི་འཕེལ་རྒྱས་ཀྱི་རྣམ་པ་ཆགས་པར་འབད་བརྩོན་བྱ་རྒྱུ་རེད། (བདེ་དབང་དང་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)