འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། བོད་ལྗོངས་གུང་གཞོན་སྡེ་ཚོགས་ཀྱིས་དུས་ཡུན་ལོ་གསུམ་སྤྱད་དེ་བསྐྲུན་པའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གཞོན་ནུ་ལོ་ཆུང་གི་བརྗོད་དོན་གཙོ་བོའི་འགྲེམས་ཁང་གིས་འཆད་འགྲེལ་པ་བསྡུ་བཞིན་ཡོད། འགྲེམས་ཁང་ཟླ་3ཚེས་26ཉིན་སྤྱི་ཚོགས་ལ་དངོས་སུ་སྒོ་མོ་དབྱེ་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། འགྲེམས་ཁང་གི་ས་བཟུང་རྒྱ་ཁྱོན་སྨི་ངོས་གྲུ་2132ཟིན་པ་དང་འཛུགས་སྐྲུན་ལ་མ་དངུལ་སྒོར་ཁྲི་1700བཏང་བ་དང་། འགྲེམས་ཁང་དེ་ནི་ཀྲུང་ཧྭའི་མི་རིགས་ཀྱི་ལོ་རྒྱུས་དང་། གསར་བརྗེའི་རིག་གནས། གྲོང་ཁྱེར་འཕེལ་རྒྱས་སོགས་ཀྱི་ཆ་ཤས་དག་ལག་ཤེས་བཟོ་རྩལ་གྱི་སློབ་ཁྲིད་དང་། རི་མོ་འབྲི་སྦྱོང་དང་འཆར་འགོད། ཚན་རྩལ་ཉམས་ལེན། སྤྲོ་སྣང་ཟློས་གར། ལག་ལེན་སློབ་སྦྱོང་སོགས་དང་ཟུང་འབྲེལ་བྱས་པ་ལས་གྲུབ་ཡོད། དེ་ནི་བོད་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ། ཚན་རྩལ་སློབ་གསོ། རང་བྱུང་སྐྱེ་ཁམས་སློབ་གསོ་བཅས་བརྗོད་དོན་གཙོ་བོ་ཆེན་པོ་བཞིའི་འགྲེམས་ཁང་ལས་གྲུབ་པའི་གཞོན་ནུ་ལོ་ཆུང་གི་སློབ་གྲྭའི་ཕྱི་རོལ་གྱི་ལག་ལེན་བྱ་ཡུལ་ཐོག་མ་དེ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་འཆད་འགྲེལ་པ་བསྡུ་རྒྱུའི་ནང་ལྗོངས་ཕྱི་ནང་གི་བོད་རིགས་དང་། རྒྱ་རིགས། ཧུད་རིགས། ཀྲོང་རིགས། ཡའོ་རིགས། ལི་རིགས་སོགས་མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་200ལྷག་ཙམ་གྱིས་མིང་ཐོ་ཧུར་ཐག་བཀོད་ཡོད། གཞོན་ནུ་ལོ་ཆུང་བདེ་ཐང་དང་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་རམ་འདེགས་བྱེད་པའི་ལས་ཀའི་འདུ་ཤེས་བཅངས་ནས། ད་ཐེངས་ཀྱི་མིང་ཐོ་འགོད་མཁན་གྱི་གཞོན་ནུ་ལོ་ཆུང་ཚང་མ་རྗེས་གྲབས་འཆད་འགྲེལ་པའི་གྲས་སུ་བཅུག་ནས་གསོ་སྐྱོང་བྱེད་རྒྱུ་ཡིན་པ་རེད།
གོམ་སྟབས་རྗེས་མར། བོད་ལྗོངས་གུང་གཞོན་སྡེ་ཚོགས་ཀྱིས་རང་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་ཚོར་བསམ་བློ་ཀུན་སྤྱོད་ཀྱི་བྱང་ཚད་སློབ་གསོ་དང་སྤྱི་ཚོགས་ལག་ལེན་གྱི་སློབ་གསོའི་རྟེན་གཞི་ནུས་ལྡན་བཏོད་དེ། ལྗོངས་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་པོ་བཙུགས་ནས། ལྗོངས་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུ་ལོ་ཆུང་འཚར་ལོངས་དང་འཇོན་ཐང་ཅན་དུ་འགྱུར་བར་རམ་འདེགས་བྱེད་པར་ཁྲིད་སྟོན་བྱེད་རྒྱུ་རེད།
(རིག་རྡོར་གྱིས་བསྒྱུར། ལྷག་ཚེས་ཞུས)