《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年03月14日

མེ་ཏོག་རྫོང་དུ་ཤིང་ཏོག་ཞུ་མཁན་སྨིན་པ།

2024ལོར་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་ལ་སྔ་ས་ནས་དཔྱིད་ཀ་ཤར་ནས་གང་སར་ནང་རྩི་དཀར་པོའི་ཤིང་ཏོག་ཞུ་མཁན་སྨིན་ཡོད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་འཐུས་མི་དང་མེ་ཏོག་རྫོང་མེ་ཏོག་གྲོང་ཚོའི་ཡུལ་མི་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ནོར་བུ་གཡང་འཛོམས་པེ་ཅིང་དུ་རྒྱལ་ཡོངས་ཚོགས་འདུ་གཉིས་ལ་མ་ཞུགས་གོང་། ས་གནས་ཀྱི་ཡུལ་ཟོག་ཤིང་ཏོག་ཞུ་མཁན་དཀར་པོ་དང་ཇ་ལོ་སོགས་འཁྱེར་རྒྱུའི་ཐག་བཅད།

“ངེད་ཚོའི་ཕ་ཡུལ་མི་དེ་ལས་མང་བས་ཤེས་སུ་འཇུག་གི་ཡིན”ཞེས་ནོར་བུ་གཡང་འཛོམས་ཀྱིས་བསྡུ་གསོག་སྐྱོན་ཞོར་དེ་ལྟར་གསུངས།

ད་ཆ་ཤིང་ཏོག་ཞུ་མཁན་འདེབས་རྒྱུ་དེ་མེ་ཏོག་རྫོང་གི་མང་ཚོགས་ལ་འབབ་འཕར་ཡོང་བའི་བཀྲག་དམངས་འཚེར་ས་གསར་པ་ཞིག་ཏུ་གྱུར་ཡོད།

བདེ་ཞིང་ཤང་བདེ་ཞིང་གྲོང་ཚོའི་ཇ་ཤིང་ར་བར་སྐྱོད་སྐབས། མེ་ཏོག་རྫོང་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཅང་ཧྥན་གྱིས་ཇ་ཤིང་དང་སྣོལ་འདེབས་ཆོག་པའི་ཤིང་ཏོག་ཞུ་མཁན་དཀར་པོའི་སྡོང་པོ་དཔེ་གསར་དེ་རིགས་ངོ་སྤྲོད་བྱས་ཤིང་། ཁོང་གིས“འདིར་བཏབ་པ་ཚང་མ་ནི་དཔྱིད་འགོའི་ཟླ་བ་གསུམ་པར་སྨིན་ཐུབ་པའི་ཤིང་ཏོག་ཞུ་མཁན་དཀར་པོ་ཤ་སྟག་རེད། དེའི་འབྲས་བུ་མངར་ཞིང་ཞིམ་ལ་ལོ་མས་བྱུག་སྨན་བཟོ་བ་དང་། མེ་ཏོག་གིས་ཇ་བཟོ་ཆོག”ཅེས་གསར་འགོད་པར་བཤད་བྱུང་།

སྔོན་མ་མེ་ཏོག་རྫོང་ལ་རི་སྐྱེས་ཀྱི་འཇོལ་དབྱིབས་ཀྱི་ཤིང་ཏོག་ཞུ་མཁན་གྱི་སྡོང་རྒན་མང་པོ་ཡོད་པ་མ་ཟད། “སྐར་ལྔ་ཆེན་པོའི”རིགས་ཀྱི་ནང་རྩི་དམར་པོའི་ཤིང་ཏོག་ཞུ་མཁན་དཔེ་གསར་ནང་འདྲེན་ཡང་བྱས་ཡོད། དུད་ཚང་ཚང་མས་རང་ཁྱིམ་གྱི་རྒྱབ་མདུན་དུ་ཤིང་ཏོག་ཞུ་མཁན་གྱི་སྡོང་པོ་བཙུགས་ཡོད་ནའང་། མང་ཚོགས་ཀྱིས་གཡོག་བྱེད་དེ་ཙམ་མ་བྱས་པའི་དབང་གིས་འབྲས་བུ་ཆུང་ཞིང་བྲོ་བ་སྐྱུར་བས་བཙོངས་ཀྱང་བྲིན་པོ་མེད་སྟབས་སྣང་བ་གཏོང་མཁན་མེད།

2021ལོའི་ཟླ་བཅུ་གཅིག་པར་མེ་ཏོག་རྫོང་སྲིད་གཞུང་དང་ཧྥུའུ་ཅན་ཞིང་ཆེན་ཞིང་ལས་ཚན་རིག་ཁང་དབར་མཉམ་ལས་གྲོས་མཐུན་བཞག་སྟེ་ནང་རྩི་དཀར་པོའི་ཤིང་ཏོག་ཞུ་མཁན་དཔེ་གསར་དང་དེའི་ལག་རྩལ་ཐོན་ཁུངས་ནང་འདྲེན་བྱ་རྒྱུའི་ཐག་བཅད་ཅིང་། 2022ལོའི་ཟླ་དང་པོར་ནང་རྩི་དཀར་པོའི་ཤིང་ཏོག་ཞུ་མཁན་སྡོང་ཕྲུག་མང་པོ་མེ་ཏོག་རྫོང་ལ་འདེབས་འགོ་ཚུགས། (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)

“ཐོག་མར་འདེབས་པའི་སྐབས། ཉིན་ལྟར་ཁྲེ་ཙེ་ཁྱེར་ནས་ཤིང་ཏོག་ཞུ་མཁན་སྡོང་ཕྲུག་འཛུགས་པའི་ས་དོང་ལ་ཚད་འཇལ་བར་འགྲོ་དགོས་ཀྱི་ཡོད”ཅེས་ཅང་ཧྥན་གྱིས་རྩེད་མོ་དང་སྦྲགས་ཏེ་གསར་འགོད་པར་ངོ་སྤྲོད་བྱས། དེའང་ནང་རྩི་དཀར་པོའི་ཤིང་ཏོག་ཞུ་མཁན་སྐྱེ་འཚར་ཡག་པོ་ཡོང་ཆེད་སྡོང་པོ་རེར་ལུད་རྒྱ་མ་60རྒྱག་དགོས་པ་དང་། ས་དོང་གི་གཏིང་ཚད་ལ་ཉུང་མཐར་ལི་སྨི་80×ལི་སྨི་80འདྲུ་དགོས་ཀྱི་ཡོད།

2023ལོར་ནང་རྩི་དཀར་པོའི་ཤིང་ཏོག་ཞུ་མཁན་ལ་ཐེངས་དང་པོ་འབྲས་བུ་ཐོགས་ཤིང་། “དེ་དུས་སྡི་གདོང་གྲོང་ཚོའི་ནང་རྩི་དཀར་པོའི་ཤིང་ཏོག་ཞུ་མཁན་སྡོང་པོ་7ལ་འབྲས་རྡོག་ཕྲེང་བ་14ཐོགས་པ་དག་བསྡོམས་ཚེ་འབྲས་བུ་བཅུ་གྲངས་ཁ་ཤས་ལས་མེད་པ་དང་། མི་40ལྷག་ཙམ་ལ་བགོ་དུས་མི་རེར་བྲོ་བ་མྱོང་བ་ཙམ་ལས་ངོམས་པ་བཟའ་རྒྱུ་མེད”ཅེས་འབྲས་སྤུངས་ཤང་སྡི་གདོང་གྲོང་ཚོའི་ཇ་ཤིང་ར་བར་ཅང་ཧྥན་གྱིས་གསར་འགོད་པར་བཤད་བྱུང་།

“མ་གཞི་གྲངས་འབོར་ཉུང་ཉུང་ཡིན་ཡང་བྲོ་བ་མྱོང་མཁན་ཚོར་ཤིང་ཏོག་དེའི་འབྲས་བུ་ཆེ་ཞིང་། མངར་བ། བྲོ་བ་ཞིམ་པ་དང་། ད་དུང་སྣ་ཁ་གསར་པ་ཡིན་པས་འབྱུང་འགྱུར་ཚོང་ལམ་ཡག་པོ་ཡོང་ངེས་ཀྱི་ཚོར་སྣང་ཞིག་སྦྱིན་མོད་ཀྱང་། དོན་དུ་རང་འགུལ་ངང་ནང་རྩི་དཀར་པོའི་ཤིང་ཏོག་ཞུ་མཁན་འཛུགས་པའི་ལག་རྩལ་སློབ་སྦྱོང་བྱེད་མཁན་རེ་ཟུང་ལས་མེད། གྲོང་ཚོས་ཇ་འདེབས་ར་བར་འདེབས་འཛུགས་དང་གཡོག་བྱེད་ཇི་ལྟར་བྱེད་ལུགས་སྦྱོང་བར་ཡོང་དགོས་པའི་བརྡ་ཐོ་གཏོང་རིམ་བཞིན་དེར་བརྡ་ལན་ཞུ་མཁན་ཧ་ཅང་དཀོན་པོ་ཡིན”ཞེས་སྡི་གདོང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཀའོ་རུང་གིས་བཤད།

སྡོང་པོ་བཏབ་ནས་ཡག་པོ་མ་བྱུང་ཚེ་ཅི་འདྲ་བྱེད་དམ། སྔོན་མའི་ནང་རྩི་དམར་པོའི་ཤིང་ཏོག་ཞུ་མཁན་བཞིན་བྲིན་ཁ་མ་རྒྱུག་ཚེ་གང་འདྲ་བྱེད་དམ། བཏབ་པ་ནས་འབྲས་བུ་མ་ཐོགས་བར་སྒུག་ཡུན་རིང་ལ་ཕན་འབྲས་མ་ཐོན་ཚེ་གང་འདྲ་བྱེད་དམ་སོགས་དོགས་པ་དང་སེམས་ཁྲལ་གྱིས་ཁེངས་ནས་མང་ཚོགས་ཀྱིས་ནང་རྩི་དཀར་པོའི་ཤིང་ཏོག་ཞུ་མཁན་གྱི་གཏིང་ཤུགས་མཐོང་ཡང་སྔར་བཞིན་ཡིད་ཆེས་མི་འདང་བ་དང་བལྟས་ནས་སྡོད་ཀྱི་ཡོད།

“གཟིགས་དང་། ད་ཆ་དབང་གྲགས་ལ་ནང་རྩི་དཀར་པོའི་ཤིང་ཏོག་ཞུ་མཁན་འདེབས་འཛུགས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད། ཁོང་ཙམ་མ་ཟད། མིག་སྔར་རྫོང་དུ་ནང་རྩི་དཀར་པོའི་ཤིང་ཏོག་ཞུ་མཁན་འདེབས་པའི་ལག་རྩལ་ཤེས་ལྡན་པ་15ཡོད། ང་ཚོས་སྡོང་ཕྲུག་འཛུགས་དགོས་པ་མ་ཟད་རྒྱུན་འཛིན་བྱེད་མཁན་ཡང་གསོ་སྐྱོང་བྱས་ནས་མེ་ཏོག་རྫོང་ལ་ཤེས་ལྡན་པ་གཞིས་ཆགས་ཐུབ་པར་བྱས་པ་དང་ཁོང་ཚོས་མང་ཚོགས་གཞན་གྱི་སྣེ་ཁྲིད་དེ་ཚན་རིག་དང་མཐུན་པའི་འདེབས་འཛུགས་ལ་བརྟེན་ནས་ཕྱུག་པོ་ཆགས་ཐུབ་པར་བྱས་པས། ཁོང་ཚོའི་འབད་བརྩོན་ལ་བརྟེན་ནས་མང་ཚོགས་ཚང་མར་ཧུར་སེམས་འཕེལ་བ་མ་ཟད། ནང་རྩི་དཀར་པོའི་ཤིང་ཏོག་ཞུ་མཁན་ཕྱིར་འཚོང་ཐད་ད་དུང་སྲིད་གཞུང་གི་ཐ་སྐྱོང་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཐོབ་ཀྱི་རེད”ཅེས་ཅང་ཧྥན་གྱིས་བཤད།

“འདི་ལོའི་ལོ་འགོར་ང་ཚོའི་གྲོང་ཚོས་བོད་ལྗོངས་མཐའ་གྲོང་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་ཁོ་ན་བརྒྱུད་ནང་རྩི་དཀར་པོའི་ཤིང་ཏོག་ཞུ་མཁན་སྡོང་ཕྲུག་1900ལྷག་ཙམ་བཙོངས་པར་ཡོང་འབབ་སྒོར་ཁྲི་10ཙམ་བྱུང་ཡོད” བཏབ་པ་ནས་འབྲས་བུ་མང་པོ་མ་ཐོགས་བར་གྱི་གནད་དོན་ལ་དམིགས་ནས་ཀའོ་རུང་གིས། ཟླ་གསུམ་པར་སྨིན་པའི་ནང་རྩི་དཀར་པོའི་ཤིང་ཏོག་ཞུ་མཁན་དཔེ་གསར་སྡོང་ཕྲུག་གི་ཡལ་ག་དེ་སྦྱར་ག་རྒྱག་པའམ་ཡང་ན་དེ་ལ་བརྟེན་ནས་ཤིང་ཏོག་ཞུ་མཁན་སྡོང་ཕྲུག་གསར་པ་འདེབས་ཆོག་གི་ཡོད་པས། ལྡུམ་རའི་ལག་རྩལ་ཀུང་སི་དང་འདེབས་འཛུགས་མཁན་ཁག་གཅིག་གིས་ཆེད་མངགས་ཉོ་བར་ཡོང་ཞིང་། ཉེ་ཆར་བདེ་ཞིང་ཤང་བདེ་ཞིང་གྲོང་ཚོ་དང་ཧོར་བཀྲ་གྲོང་ཚོའི་ཡུལ་མི་རྣམས་ཀྱིས་ནང་རྩི་དཀར་པོའི་ཤིང་ཏོག་ཞུ་མཁན་སྡོང་ཕྲུག་གི་ཡལ་ག་རེར་སྒོར་50བྱས་ནས་བཙོངས་པར་ཡོང་འབབ་སྒོར་ཁྲི་10ལྷག་ཙམ་བྱུང་ཡོད་ཅེས་ཁ་གསབ་ཚུལ་དུ་བཤད།

ལག་རྩལ་མེད་པའི་སེམས་ཁྲལ་མི་དགོས་ལ། ཚོང་ལམ་མེད་པའི་སེམས་ཁྲལ་དེ་བས་མི་དགོས་པ་མ་ཟད། སྡོང་ཕྲུག་གི་ཡལ་ག་བཙོངས་པ་ཁོ་ནས་ཡོང་འབབ་གསོག་ཐུབ་སྟབས་མང་ཚོགས་ཀྱི་ཧུར་སེམས་འཕེལ་ཡོད། “ད་ཆ་གྲོགས་ཚོགས་ནང་། ཞིང་ནང་གི་ཤིང་འབྲས་ལ་ལྟ་བར་ཡོང་མཁན་ཡོད་པ་དང་། འདེབས་འཛུགས་ལག་རྩལ་གསོ་སྦྱོང་ལ་མིང་ཐོ་འགོད་མཁན་གཅིག་ཤོར་གཉིས་ཤོར་རེད”ཅེས་ཀའོ་རུང་གིས་འཛུམ་དམུལ་དམུལ་ངང་བཤད།

(པ་སངས་ཚེ་རིང་གིས་བསྒྱུར། ཚེ་དབང་ལྷ་མོ་དང་པ་ཚེས་ཞུས)