《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年03月14日

“འཕེལ་རྒྱས་ནི་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་འགག་རྩ་ཡིན”

མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཚའོ་ཧྲུའུ་ལིན་དང་ཝང་ཀྲོའུ།

“སྤྱི་ཁྱབ་ཧྲུའུ་ཅི་ལགས། སྐུ་ཉིད་ཐུགས་བྲེལ་ཆེ་ཡང་། ད་དུང་ང་ཚོར་གཟིགས་པར་ཕེབས་པས། སྐུ་ཉིད་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་བརྗོད།

“མང་ཚོགས་ལ་ལྟ་བར་འགྲོ་རྒྱུ་ནི་ངའི་ལས་ཀ་རེད།‘རྒྱལ་ཁབ་ཀྱི་དོན་ཆེན’ནི་མི་དམངས་ཀྱི་བདེ་སྐྱིད་འཚོ་བ་ཡིན”ཞེས་གསུངས།

2021ལོའི་དཔྱིད་ཀར། ཀོང་ཤིས་སུ་རྟོག་ཞིབ་གནང་བར་ཕེབས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མའོ་ཀྲུའུ་ཧྲན་གྲོང་ཚོའི་བདེ་སྐྱིད་དང་། གསར་དུ་འཕེལ་རྒྱས་བྱུང་བའི་རྒུན་འབྲུམ་ཐོན་ལས། མང་ཚོགས་ཚང་མ་ཐོག་བརྩེགས་ཅན་གྱི་སྡོད་ཁང་དུ་སྡོད་པ། གྲོང་མིའི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་བ་བཅས་ལ་དཔང་པོ་གནང་ཡོད།

འདི་ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་ཏེ“མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་འཕེལ་རྒྱས་གཏོང་རིང་དམངས་འཚོ་འགན་ལེན་གྱི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་གཏོང་དགོས”ཞེས་ནན་བཤད་གནང་ཡོད།

རྒྱལ་ཁབ་སྟོབས་འབྱོར་ལྡན་མིན་དེ་མི་དམངས་ཀྱི་བདེ་སྐྱིད་ལ་ལྟ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“འཕེལ་རྒྱས་ནི་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་འགག་རྩ་ཡིན”ཞེས་གསུངས་ཡོད།

ཧོ་པེ་ཀྲེང་ཏིང་དུ“ཐོན་མཐོའི་རྫོང་དབུལ་པོ”ནས་ཟས་གོས་འཛོམས་པའི“རྫོང་ཡག་པོར”འགྱུར་བར་འཕེལ་རྒྱས་ལ་བརྟེན་དགོས་པ་དང་། ཧྥུའུ་ཅན་ཉིང་ཏེ་རུ་ལེན་ཅཱ་ཉ་པ་མཚོ་ཐོག་ནས་སྐམ་སར་སྤོ་བར་ད་དུང་འཕེལ་རྒྱས་ལ་བརྟེན་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་མི་དམངས་ཀྱི་ཆེད་དུ་འཕེལ་རྒྱས་གཏོང་བ་དང་། མི་དམངས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་བཅས་མཐའ་འཁྱོངས་བྱས་ཚེ། གཞི་ནས་ཡང་དག་པའི་འཕེལ་རྒྱས་ཀྱི་ལྟ་བ་དང་དེང་རབས་ཅན་གྱི་ལྟ་བ་གྲུབ་ཐུབ་ཅེས་བསྟན་ཡོད།

སུའི་ཆེད་དུ་འཕེལ་རྒྱས་གཏོང་དགོས་སམ། ལན་དེ་ཀྲུང་གོ་གུང་ཁྲན་ཏང་གི་དམིགས་ཡུལ་དང་མི་དམངས་ཀྱི་གཙོ་འཛིན་གྱི་ཞབས་རྗེས་ནས་མཐོང་ཐུབ། ལ་ཀླུང་མང་པོ་བརྒྱབ་ནས་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་14ཚང་མར་ཕེབས་པ་མ་ཟད། གཞི་རིམ་དུ་ཕེབས་ནས་གནས་ཚུལ་དངོས་ལ་རྟོག་ཞིབ་དང་དམངས་ཀྱི་འདོད་བློ་གསན་ཡོད་ལ། མི་སེར་གྱི་བདེ་སྡུག་ནི་སྤྱི་ཁྱབ་ཧྲུའུ་ཅིས་དུས་དང་རྣམ་པ་ཀུན་ཏུ་ཐུགས་ཁྲལ་གནང་ས་ཞིག་རེད།

“མི་དམངས་བདེ་སྐྱིད་ཁམས་བདེ་ཡོང་བ་བྱ་རྒྱུ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཐའ་མའི་དམིགས་ཡུལ་ཡིན” 2023ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་རིང་། སྤྱི་ཁྱབ་ཧྲུའུ་ཅིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོའི་དོན་སྙིང་ལ་གསལ་འགྲེལ་བསྐྱོན་ཡོད།

དམིགས་ཡུལ་བརྗིད་ཉམས་ཆེ་ལ་བབ་ཆགས་ཤིང་། དེ་ནི་ཀྲུང་གོའི་མི་དམངས་ཡོངས་འཚོ་བ་སྐྱིད་པོ་ཞིག་སྐྱེལ་ཐུབ་པ་བྱ་རྒྱུ་དེ་རེད།

བྱ་དངོས་འགལ་ཟླའི་ཁ་གཏད་གཅིག་གྱུར་ཁྲོད་དུ་འཕེལ་རྒྱས་འགྲོ་ཞིང་། འཕེལ་རྒྱས་ལས་བྱུང་བའི་འགྲན་སློང་གསར་པ་དེ་འཕེལ་རྒྱས་མ་བྱུང་བ་ལས་མང་བ་ཡོད། ནང་ངོས་ནས་བལྟས་ན། “ཡོད་པ་དང་མེད་པ”ནས“ལེགས་པ་དང་མི་ལེགས་པའི”བར་གྱི་འགལ་ཟླར་འགྱུར་ལྡོག་འགྲོ་བཞིན་ཡོད། ཕྱི་ནས་བལྟས་ན། འཛམ་གླིང་ལ་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་བྱུང་ནས་འཛམ་གླིང་ལ་འགྱུར་ལྡོག་འགྲོ་བཞིན་ཡོད། ཀྲུང་གོའི་དཔལ་འབྱོར་གྱི་མདུན་ལམ་བཟང་ལ། འགྲན་སློང་ཡང་འཕྲད་ཡོད།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)

སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལས་འགན་ཨང་དང་པོ་ཡིན། འཕེལ་རྒྱས་གཏོང་རྒྱུ་ནི་ཏང་གི་སྲིད་སྐྱོང་རྒྱལ་དར་གྱི་ལས་འགན་ཨང་དང་པོ་ཡིན། དངོས་པོ་དང་ལག་རྩལ་གྱི་རྨང་གཞི་བརྟན་པོ་ཞིག་མེད་ན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་སྐྲུན་མི་ཐུབ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དགོངས་པ་ཟབ་བཞེས་ཀྱིས“དུས་བབ་གསར་པའི་འཕེལ་རྒྱས་དེ་ལྷམ་གསར་པ་གྱོན་ནས་ལམ་རྙིང་པར་བསྐྱོད་མི་རུང་ལ། སྡེབ་ཟིང་ཆེན་མོ་དང་རགས་ལས་རྣམ་པའི་འཕེལ་རྒྱས་ལམ་བུར་མི་སྐྱོད་པར། ངེས་པར་དུ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཏེ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་གསུངས་ཡོད།

འཕེལ་རྒྱས་སུ་ལ་བརྟེན་དགོས་སམ། “རྒྱང་ལམ་གསར་པར་དཀའ་ངལ་དང་འགྲན་སློང་གང་ཞིག་འཕྲད་ཀྱང་ང་ཚོས་མི་དམངས་ལ་དམ་པོར་བརྟེན་དགོས”སྤྱི་ཁྱབ་ཧྲུའུ་ཅིས་ལས་ལ་བརྩོན་ཞིང་དཔའ་ངར་ཞུམ་མེད་ཀྱི་ཀྲུང་གོའི་མི་དམངས་ལ་སྙིང་དབུས་ནས་གུས་བཀུར་ཞུ་ཞིང་། ཁོང་གིས“རྒྱ་ཆེའི་མི་དམངས་མང་ཚོགས་ཚོས་རྒྱལ་གཅེས་ལེགས་སྐྱེས་མཐའ་འཁྱོངས་ཐད་ལྷག་བསམ་རྣམ་དག་ཡིན་པས། མི་སེར་ཁྲི་སྟོང་མང་པོ་ནི་རླབས་ཆེ་ཤོས་ཡིན་པ་ང་ལ་ཚོར་སྣང་ཟབ་མོ་ཡོང་གི་འདུག་ལ། ད་དུང་བདེ་སྐྱིད་ནི་འབད་འཐབ་བྱས་པ་ལས་བྱུང་བ་ཞིག་ཡིན་པ་ཡང་ང་ལ་ཚོར་སྣང་ཟབ་མོ་ཡོང་གི་འདུག”ཅེས་གསུངས་ཡོད།

འཕེལ་རྒྱས་ཀྱི་ལམ་ཐག་རིང་མོར་འབད་འཐབ་རྒྱུན་སྲིང་ལྷོད་མེད་བྱེད་དགོས།

“དང་ཐོག་རྒྱལ་ཡོངས་མི་དམངས་ཚོས་མཉམ་དུ་འབད་འཐབ་བྱས་ནས‘སྒོ་ངའི་བག་ལེབ’ཆེ་རུ་གཏོང་དགོས། དེ་རྗེས་ལུགས་མཐུན་གྱི་ལམ་ལུགས་བཀོད་སྒྲིག་ལ་བརྟེན་ནས་དཔལ་འབྱོར་འཕར་བ་དང་བགོ་བཤའི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ‘སྒོ་ངའི་བག་ལེབ’གཏུབ་ནས་བགོ་བཤའ་ཡག་པོ་རྒྱག་དགོས” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞག་གནང་བའི་དཔེ་དེར་གནས་ལུགས་མང་པོ་འདུས་ཡོད།

ཐུན་མོང་ཕྱུག་འགྱུར་ནི་ཀྲུང་ཧྭ་མི་རིགས་ཀྱིས་ལོ་ངོ་སྟོང་གི་རིང་རྒྱུན་མཐུད་པའི་ཕུགས་འདུན་ཞིག་ཡིན་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྱད་ཆོས་གལ་ཆེན་ཞིག་ཀྱང་ཡིན།“ཡོང་འབབ་ཀྱི་ཧེ་བག་གི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས” “འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་དང་དེ་བས་དྲང་གཞག་ངང་མི་དམངས་ཡོངས་ལ་ཕན་པ་ཐོབ་པར་བྱེད་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་ཡང་ཡང་གནང་ཡོད།

ལྗང་མདོག་ཐཱན་ཉུང་ནི་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ཡོང་བའི་ལྡོག་མེད་ཀྱི་གདམ་ག་ཞིག་རེད། 2023ལོའི་ཟླ་7པར། རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྤུས་ཀ་ལེགས་པའི་སྐྱེ་ཁམས་ཁོར་ཡུག་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱས་ཏེ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་དགོས”ཞེས་ནན་བཤད་གནང་ཡོད།

སྤྱི་ཚོགས་འཕེལ་རྒྱས་གཏོང་བ་དེ་མི་འཕེལ་རྒྱས་གཏོང་བའི་ཕུགས་ཀྱི་འབྲས་བུར་བྱེད་པ་དང་། མི་འཕེལ་རྒྱས་གཏོང་བར་བསམ་པའི་རིག་གནས་སྲོག་ཤིང་དུ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅིས“རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་འགྲོ་བར་སྐུལ་འདེད་ཤུགས་ཆེན་གཏོང་དགོས” “སྤུས་ཚད་མཐོ་བའི་རིག་གནས་ལ་བརྟེན་ནས་མི་རྣམས་ཀྱི་རིག་གནས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཆེ་རུ་གཏོང་དགོས”ཞེས་བླང་བྱ་བཏོན་གནང་ཡོད།

ཉིན་ལྟར་བསྐྱོད་ཚེ་ལམ་ཐག་རིང་བར་སྐྲག་མི་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་གསལ་ཐོར་གཟིགས་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གསར་གཏོད་ནུས་པ་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་པའི་དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་བྱུང་བ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཐད་ལོ་རྒྱུས་རང་བཞིན་དང་། འཕོ་འགྱུར་རང་བཞིན། སྤྱི་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་བྱུང་བ། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཕྱོགས་ཡོངས་ནས་ཆེ་རུ་ཕྱིན་པ། ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བའི་ལག་ལེན་བྱེད་ཐབས་དེ་བས་ཁ་གསལ་བྱུང་བ། མི་དམངས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དེ་བས་བསྐངས་ཐུབ་ཡོད།

མི་དམངས་ལ་བདེ་སྐྱིད་དོན་གཉེར་དང་། མི་རིགས་ལ་བསྐྱར་དར་དོན་གཉེར། འཛམ་གླིང་ལ་སྤྱི་སྙོམས་ཆེན་པོ་དོན་གཉེར་བཅས་བྱས་པ།

2021ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་འགོ་ཁྲིད་པའི་དབུ་ཚོགས་ཐོག“ང་ཚོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་ཁུར་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་དང་དེ་བས་དྲང་གཞག་གི་སྒོ་ནས་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་པ་ཐོབ་པ་བྱེད་དགོས། མིའི་རིགས་ཀྱིས་བདེ་སྐྱིད་དོན་གཉེར་བྱེད་པའི་ལམ་བུར་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་ཀྱང་ལུས་མི་རུང་། འཛམ་གླིང་ཐོག་གི་རྒྱལ་ཁབ་དང་མི་རིགས་ཡོད་དོ་ཅོག་ལ་འདྲ་མཉམ་གྱི་འཕེལ་རྒྱས་ཀྱི་གོ་སྐབས་དང་དབང་ཆ་ཡོད་པ་བྱེད་དགོས”ཞེས་ཀྲུང་གོའི་འདོད་ཚུལ་ཁྱབ་བསྒྲགས་གནང་ཡོད།

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པའི་དེང་རབས་ཅན་ཞིག་རེད། ཀྲུང་གོའི་མི་དམངས་ཀྱིས་རང་ཉིད་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ལ། རྒྱལ་ཁབ་ཁག་གི་མི་དམངས་ཀྱང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།

2023ལོའི་ཟླ་11པར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་འགོ་ཁྲིད་པའི་དབུ་ཚོགས་ཐོག་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡིག་ཐོག་གཏམ་བཤད་གནང་ནས“གོ་ལ་ཧྲིལ་པོའི་བཟོ་ཚོང་ལས་རིགས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ནང་ཧུར་ཐག་ཞུགས་ནས་ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལས་བྱུང་བའི་གོ་སྐབས་ཆེན་པོ་མཉམ་སྤྱོད་བྱ་རྒྱུར་དགའ་བསུ་ཞུ་གི་ཡིན”ཞེས་གསུངས་པ་དེར་འཛམ་གླིང་སྐྱེ་བོ་ཀུན་གྱི་དོ་ཁུར་ཐོབ་ཡོད།

(པ་སངས་དང་ཚེ་ཁོས་སྒྱུར་ཞུས་བྱས)