《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年03月13日

གངས་རིན་པོ་ཆེའི་འདབས་ཀྱི་མཐའ་སྲུང་བ།

ལས་གནས་བརྟན་པོ་བསྲུངས་ནས་མང་ཚོགས་བདེ་ལ་བཀོད།

དར་ཆེན་མཐའ་མཚམས་མངགས་གཏོང་ཁང་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་བར་ག་ཤང་དུ་གནས་པ་དང་བཅའ་སྡོད་བྱ་ཡུལ་གྱི་ས་བབ་མཐོ་ཚད་སྨི་4810ཡོད་པ་དང་། ཁོངས་གཏོགས་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་4086དང་ མི་དམངས་ཉེན་རྟོག་པ་20ལྷག་ཙམ་ཡོད་པ་རེད། མངགས་གཏོང་ཁང་གིས་ཁོངས་གཏོགས་ཁུལ་གྱི་སྤྱི་ཚོགས་ཀྱི་རྒྱུན་གཏན་བཅོས་སྐྱོང་དང་། གྱོད་གཞི་སྒྲུབ་གཉེར། ཁོངས་གཏོགས་ཁུལ་གྱི་མི་འབོར་དོ་དམ་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་ཕུད། ད་དུང་ས་བབ་མཐོ་བའི་འཕྲལ་སྡོམ་མྱུར་སྐྱོབ་ལས་འགན་ཡང་འཁུར་ནས་མཐའ་མཚམས་ས་ཁུལ་གྱི་ཞི་མཐུན་བརྟན་ལྷིང་དང་མང་ཚོགས་ཀྱི་བདེ་སྡོད་ལས་བརྩོན་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་འབུལ་བཞིན་མཆིས།

གསར་འགོད་པ་དར་ཆེན་དུ་འབྱོར་སྐབས། གྲོང་རྡལ་ཆུང་ངུ་དེར་ཡུལ་སྐོར་བ་མང་བའི་དུས་ཀྱི་འཁྲུག་ཆ་དོད་པོ་དེ་ཙམ་མེད་སྟབས། གངས་རིན་པོ་ཆེའི་འདབས་ཀྱི་མཐའ་མཚམས་མངགས་གཏོང་ཁང་དུ་མི་འགྲོ་མཁན་མང་ཤོས་སུ་གྱུར་འདུག

གསར་འགོད་པར་དར་ཆེན་མཐའ་མཚམས་མངགས་གཏོང་ཁང་གི་སྒོ་འགྲམ་ནས་མངགས་གཏོང་ཁང་དེའི་སུའོ་ཀྲང་པ་སངས་ཕུན་ཚོགས་ཐུག་བྱུང་།

2015ལོར་པ་སངས་ཕུན་ཚོགས་དར་ཆེན་མངགས་གཏོང་ཁང་དུ་འབྱོར། དུས་རྒྱུན་ཕྱི་རོལ་དུ་རྐང་ཐང་མར་བསྐྱོད་རྒྱུར་དགའ་བའི་ཁོང་གིས་རྒྱུན་གཏན་གྱི་ལས་འགན་བསྒྲུབས་རྗེས་རྟག་ཏུ་མངགས་གཏོང་ཁང་གི་མཐའ་འཁོར་དང་རི་སྟེང་དུ་རྐང་ཐང་མར་བསྐྱོད་ཀྱི་ཡོད། འོན་ཀྱང་འགྲོ་སྐྱོད་བྱེད་ཐེངས་རེར་ཁོང་གིས་རི་ལམ་དང་གནམ་གཤིས་ལ་ལྟ་ཞིབ་དང་ཡུལ་སྐོར་བར་བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་དྲན་སྐུལ་སོགས་ཀྱི་ལས་འགན་འཁུར་གྱི་ཡོད།

“ཉེ་འཁོར་གྱི་ཁོར་ཡུག་དང་ལམ་ངོས་ཀྱི་ཆ་འཕྲིན་ཤེས་རྟོགས་བྱེད་པ་སོགས་ནི་འཕྲལ་སྡོམ་རོགས་སྐྱོབ་ལས་དོན་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ། མངགས་གཏོང་ཁང་གི་རོགས་སྐྱོབ་འཇོན་ཐང་ཆེ་རུ་གཏོང་ཆེད། རྐང་ཐང་མར་བསྐྱོད་རྒྱུ་དེའང་དར་ཆེན་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཚང་མའི་རྒྱུན་གཏན་གྱི་ལས་ཀ་ཞིག་ཏུ་གྱུར་ཡོད”ཅེས་པ་སངས་ཕུན་ཚོགས་ཀྱིས་གསར་འགོད་པར་བཤད།

ཉེན་རྟོག་པའི་རོགས་སྐྱོབ་ཐེངས་གྲངས་སྐོར་གླེང་སྐབས་པ་སངས་ཕུན་ཚོགས་ཀྱིས“ང་ཚོས་ཉིན་གཅིག་ལ་མང་ཤོས་སུ་རི་ལམ་དུ་ཐེངས་4ཙམ་སྐྱོད་ཀྱི་ཡོད། ལོ་གཅིག་ལ་མི་གྲངས་བདུན་བརྒྱ་བརྒྱད་བརྒྱར་རོགས་སྐྱོབ་ཐུབ་ཀྱི་འདུག ང་ཚོར་རྟག་ཏུ་ཡུལ་སྐོར་བས་བསྐུར་ཡོང་བའི་གོས་དར་དང་ཐུགས་རྗེ་ཆེ་ཞུ་བའི་ཡི་གེ་འབྱོར་གྱི་ཡོད། འོན་ཀྱང་ང་ཚོའི་སེམས་ནང་གོས་དར་དེ་དག་ཐོབ་འདོད་མི་འདུག གང་ལགས་ཤེ་ན། གོས་དར་རེ་རེའི་རྒྱབ་ཏུ་ཉེན་ཁ་དང་རོགས་སྐྱོབ་ཀྱི་གནས་ཚུལ་ཐོན་ཡོད། ང་ཚོའི་རེ་བ་ཆེ་ཤོས་ནི་དེ་གར་ཡོང་མཁན་མི་ཚང་མ་བདེ་ཐང་དང་བདེ་འཇགས་ཡོང་བར་བྱེད་རྒྱུ་་དེ་ཡིན”ཞེས་བཤད།

གངས་རིན་པོ་ཆེའི་འདབས་ཀྱི་བདེ་འཇགས་སྲུང་སྐྱོང་ཐད་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་སྒེར་སེམས་མེད་པའི་ལེགས་སྐྱེས་ཕུལ་བ་དང་། མངགས་གཏོང་ཁང་གི་ཁ་པར་ཨང་གྲངས་དེའང་ས་གནས་དེ་གའི་ཡུལ་སྐོར་གྱི་ཐོ་དེབ་ནང་འཁོད་ཡོད། དར་ཆེན་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ“ཁྱིམ་ཆུང་དོར་ནས་ཚང་མར་ཞབས་འདེགས་ཞུ་བའི”ཁྱིམ་ཞེན་རྒྱལ་ཞེན་གྱི་བརྩེ་སེམས་བཅངས་ཏེ་སྤྱིར་བཏང་གི་ལས་གནས་བརྟན་པོ་བསྲུངས་ནས་ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་འཇགས་འགན་ལེན་བྱེད་བཞིན་མཆིས།