《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年03月13日

སྙིང་སྟོབས་ཆེར་བསྐྱེད་ཀྱིས་བྱས་རྗེས་གསར་པ་འཇོག་པར་སྐུལ་འདེད་བཏང་བ།

—— རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལས་དོན་གྱི་དངོས་བྲིས།

ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས“བྱ་སྤྱོད་དངོས་སྤེལ་ནས་སྒྲིག་སྲོལ་བཟོས”ཏེ་ལས་བྱེད་པའི་སྤྱོད་ཚུལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་འབད་འབུངས་ཡར་བརྩོན་དང་། རང་འགུལ་ངང་བྱས་རྗེས་འཇོག་པ། དོན་འཁྱོལ་ལ་དམ་འཛིན་བྱེད་པ་བཅས་ཀྱི་སྙིང་སྟོབས་ལ་བརྟེན་ནས་བྱ་སྤྱོད་གསར་པར་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་བཏང་ཡོད།་

སྤྱོད་ཚུལ་ལེགས་སུ་བཏང་ནས་གནད་དོན་ཆུང་ཙག་ལ་འགྱུར་ལྡོག་ཆེན་པོ་བཏང་བ།

“འཆར་གཞི་དོན་དངོས་ལ་འགྱུར་བ་བྱེད་པའི་འགག་རྩ་ལས་བྱེད་པར་ཐུག་ཡོད། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི་ལས་དོན་བཀོད་སྒྲིག་དོན་འཁྱོལ་བྱེད་དགོས་ན་དུས་དང་རྣམ་པ་ཀུན་ཏུ་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ཏེ་སྤྱོད་ཚུལ་བཟང་པོར་བརྟེན་ནས་སྙིང་སྟོབས་ཆེར་བསྐྱེད་དང་། བློ་སྟོབས་འཕེལ་བ། གཟུགས་བརྙན་གཏོད་པ་བཅས་བྱེད་དགོས” རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་འགན་འཁུར་བས། གཟེར་འདེབས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་གནད་དོན་གཅིག་མཇུག་གཉིས་མཐུད་ངང་ཐག་གཅོད་བྱེད་པ་དང་། ལྷོད་གཡེང་མི་གཏོང་བ་དང་། མཚམས་མི་འཇོག་པ། འགོ་སླར་ཡང་འཛུགས་པ་བཅས་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཚེ། གཞི་ནས“སྤྱོད་ཚུལ”གྱི་མེ་ལོང་དེ་བས་གསལ་དུ་འགྲོ་ཐུབ་ཅེས་བཤད།

ཏང་ཡོན་ལས་བྱེད་པའི་སྒྲིག་ཁྲིམས་ནན་པོ་མེད་པ་དང་། འགན་འཁྲི་ནན་པོ་མི་འཁུར་བ། སྤྱོད་ཚུལ་ཡག་པོ་མེད་པ། འཐབ་རྩོད་ཀྱི་འདུ་ཤེས་ཟབ་པོ་མེད་པ། བསམ་བློ་སྒྱིད་ལུག་བཅས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད། རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་རྒྱུན་རྣམ་ཅན་གྱི་ལས་ཚུགས་ལས་གྲོལ་གྱི་སྒྲིག་ཁྲིམས་དང་། ཚོགས་སྲོལ་དང་ཚོགས་འདུའི་སྒྲིག་ཁྲིམས། སྡོད་བྱ། གཞུང་འཁོར་བེད་སྤྱོད་དང་དོ་དམ་སོགས་གནད་དོན་ཆུང་ཙག་ནས་འགོ་བཙུགས་ཏེ་ཚད་འབེབས་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཆེ་བའི་ལས་ཀའི་ཇུས་གཞི་དང་ལམ་ལུགས་རང་བཞིན་གྱི་ཡིག་ཆ་བཟོས་པ་དང་། ཞིབ་ཐོ་ཅན་གྱི་དོ་དམ་དང་། རྣམ་གྲངས་ཅན་གྱི་དོན་འཁྱོལ། ལས་གྲྭ་ཅན་གྱི་སྐུལ་འདེད། ལམ་ལུགས་ཅན་གྱི་བརྟན་གཏོང་བཅས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་བྱ་བ་ཆུང་ཙག་ནས་བཅོས་སྒྲིག་ཆེན་པོ་བྱས་ཡོད།

འགན་འཁྲི་བསྒྲུབས་ཏེ་གནད་དོན་འཐབ་ས་དང་པོར་ཐག་གཅོད་བྱས་པ།

འགན་འཁྲི་སྒྲུབ་པ་དང་གནད་དོན་དངོས་ཐག་གཅོད་བྱེད་པར་ངེས་པར་དུ་ཁྱོན་ཡོངས་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་དགོས།

ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་བརྟག་དཔྱད་ཞིབ་འཇུག་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་བརྟག་དཔྱད་ཞིབ་འཇུག་དར་སྤེལ་བཏང་བས། ལྗོངས་ཡོངས་ཀྱི་ཚོང་དོན་ཁོངས་གཏོགས་ཀྱི་ཏང་ཡོན་ལས་བྱེད་པས་རང་འགུལ་ངང་བྱ་སྤྱོད་སྤེལ་ནས་བརྟག་ཞིབ་ཀྱི་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་བཏང་ཡོད། ཁྲུའུ་རིམ་པ་ཡན་གྱི་ལས་བྱེད་པས་ཁེ་ལས་ལ་ཞབས་འདེགས་དང་འབྲེལ་གཏུག་གི་ལམ་ལུགས་བཙུགས་ནས་ཁེ་ལས་100ལྷག་ཙམ་ལ་ཆེད་དོན་བརྟག་ཞིབ་བྱས་ནས་བསམ་འཆར་དང་གྲོས་འགོ་བསྡུ་ལེན་གྱིས་དཀའ་སེལ་གྱི་གསལ་ཐོ་བཟོས་པ་མཟད། རྨང་གཞི་དེའི་ཐོག་བརྟག་ཞིབ་བྱས་འབྲས་དང་ཟུང་འབྲེལ་གྱིས་བཏོན་པའི་བྱ་ཐབས་ཚང་མ་རང་སྐྱོང་ལྗོངས་ཀྱིས་ཕྱོགས་དྲུག་ཐད་ཀྱི་སྲིད་ཇུས་དང་བྱ་ཐབས་ཁག་38ནང་བཅུག་ནས་ཁེ་ལས་དེ་བས་མང་བས་རང་ལྗོངས་ཀྱི་ཚོང་དོན་ཁོངས་གཏོགས་ཀྱི་ཏང་ཡོན་ལས་བྱེད་པས་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་རང་འགུལ་ངང་འགན་འཁྲི་ཁུར་བར་དཔང་པོ་བྱས་ཡོད།

དོན་འཁྱོལ་ལ་དམ་འཛིན་བྱས་ནས་སྙིང་སྟོབས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕན་འབྲས་སུ་འགྱུར་བ་བྱས་པ།

ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམས་པ་དང་ལུས་ཚུགས་ནས་དོན་འཁྱོལ་ལ་དམ་འཛིན་བྱས་ཚེ་གཞི་ནས་བརྗིད་ཆེའི་འཆར་གཞི་དེ་དོན་དངོས་སུ་འགྱུར་ཐུབ།

སྤྱོད་ཚུལ་ལ་འགྱུར་ལྡོག་ཆེན་པོ་གཏོང་བ་ལས་དོན་དོན་འཁྱོལ་ཆེན་པོར་བསྒྱུར་ཆེད། རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་ཚོང་དོན་ལས་དོན་གྱི“དཀའ་གནད་སྣ་ཚོགས”ལ་དམིགས་ནས། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་། ས་ཁུལ། ཚོང་དོན་འཁོར་རྒྱུག་ཁེ་ལས་བཅས་སུ་གནད་དོན་བཙལ་འཚོལ་དང་བྱ་ཐབས་གནད་འཁེལ་བཟོས་ནས་ཁེ་ལས་འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་གཏོང་བ་དང་འཛད་སྤྱོད་ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་བྱས་ཏེ་རང་ལྗོངས་ཀྱི་དཔལ་འབྱོར་བརྟན་ལ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་འགན་ལེན་བྱས་ཡོད།

2023ལོར་ལྗོངས་ཡོངས་ཀྱི་ཚོང་དོན་ཁོངས་གཏོགས་ཀྱིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱ་ཐབས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ཐབས་མང་མཉམ་སྤྱོད་ཀྱིས་འཛད་སྤྱོད་བརྟན་པོའི་ངང་ལེགས་ཕྱོགས་སུ་འཕེལ་བར་སྐུལ་འདེད་བཏང་བས་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་879.8ཟིན་ནས་ལོ་གོང་མ་ལས་21.1%འཕར་ཡོད།

“སྤྱོད་ཚུལ་འཛུགས་སྐྱོང་ནམ་ཡང་ཚར་དུས་མེད། རང་ལྗོངས་ཀྱི་ཚོང་དོན་ཁོངས་གཏོགས་ཀྱི་ཏང་ཡོན་ལས་བྱེད་པས་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་བ་དང་འཇོན་ཐང་དང་ཆུ་ཚད་མཐོ་རུ་བཏང་སྟེ་བསམ་པའི་ཉམས་འགྱུར་དང་དཔའ་ངར་ཆེར་བསྐྱེད་ཀྱི་སྙིང་སྟོབས་ལ་བརྟེན་ནས་འགན་འཁྲི་ཧུར་ཐག་འཁུར་བ་དང་རང་འགུལ་ངང་བྱས་རྗེས་འཇོག་པ་དང་། ནམ་ཡང་ཚར་དུས་མེད་པའི་ཆབ་སྲིད་ཀྱི་རང་རྟོགས་ནས་རྒྱུན་སྲིང་ལྷོད་མེད་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས”ཞེས་རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་འགན་འཁུར་བས་བཤད།

(བདེ་དབང་དང་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)