《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年03月13日

རང་ལྗོངས་ཀྱི་དཔྱིད་འདེབས་ཀྱི་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་པ།

དཔྱིད་འདེབས་མུའུ་ཁྲི་345.58ཟིན་པའི་འཆར་གཞི་ཡོད་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་9ཉིན་གནས་ཚུལ་འབྱོར་གསལ། ཉེ་དུས། གསར་འགོད་པས་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱས་པར། ཟླ་3ཚེས་1ཉིན་བར། ལྗོངས་ཡོངས་ཀྱི་དཔྱིད་འདེབས་རྒྱ་ཁྱོན་མུའུ་ཁྲི་3.08ཟིན་པ་དང་སྤྱིའི་འདེབས་ཁྱོན་གྱི་0.89%བཟུང་བའི་ནང་འབྲུ་རིགས་སྐྱེ་དངོས་ཀྱི་རྒྱ་ཁྱོན་མུའུ་ཁྲི་0.66དང(དཔྱིད་འབྲུ་མུའུ་ཁྲི་0.49ཚུད་པ)པད་ཁ་མུའུ་ཁྲི་0.006ཟིན་པ། སྔོ་ཚལ་མུའུ་ཁྲི་2.41ཟིན་པ་བཅས་ལས་2024ལོའི་དཔྱིད་འདེབས་ཀྱི་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།

དཔྱིད་འདེབས་ཀྱི་ལས་དོན་ཁག་བདེ་བླག་ངང་སྤེལ་ཐུབ་ཆེད། ལྗོངས་ཡོངས་ཀྱི་རིམ་ཁག་ཞིང་ལས་དང་གྲོང་གསེབ་སྡེ་ཚན་གྱིས“ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། ཀྲུང་དབྱང་གི་གྲོང་གསེབ་ལས་དོན་གྱི་ཚོགས་འདུ་དང་། ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་གྱི་ཚོགས་འདུ། ལྗོངས་ཏང་ཨུད་ཀྱི་གྲོང་གསེབ་ཀྱི་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་བཏོན་པའི“འབྲུ་རིགས་བརྟན་པོ་དང་། འབྲོག་ལས་དར་རྒྱས། ཁྱད་ལྡན་སྟོབས་ཆེ”བཅས་ཀྱི་ལས་ཀའི་བླང་བྱ་ལྟར་བསམ་བློ་སྔར་བས་གཅིག་གྱུར་དང་ངོས་འཛིན་མཐོར་གཏོང་བྱས་ནས་སྤྱི་འདོམས་མཐུན་སྦྱོར་ཧུར་ཐག་དང་། བྱ་ཐབས་ཞིབ་ཕྲ ཞིང་དུས་དམ་འཛིན་བཅས་བྱས་ཏེ། ཞིང་སྤྱོད་རྒྱུ་ཆ་འགན་ལེན་དང་། ཚན་རྩལ་ཞབས་ཞུ། ཞིང་འཕྲུལ་བེད་སྤྱོད། ཞིང་ནང་གཡོག་བྱེད་སོགས་ཀྱི་ལས་དོན་ཁག་གི་བྱེད་ཐབས་ལ་ཤུགས་སྣོན་བརྒྱབ་ནས་དཔྱིད་རྨོད་དཔྱིད་འདེབས་ཀྱི་ལས་དོན་ཁག་བདེ་བླག་ངང་སྤེལ་ཐུབ་པའི་འགན་ལེན་བྱས་ཡོད་པ་རེད། (པ་ཕན་གྱིས་བསྒྱུར། བསོད་བདེ་གཞོན་པས་ཞུས)