ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ།
ཟླ་3ཚེས་6ཉིན། བོད་ཀྱི་འཐུས་མི་ཚོགས་པས་གཉེར་བའི་ཚོགས་པ་དང་ཚོགས་ཆུང་སྒོ་དབྱེའི་ཚོགས་འདུའི་ཐོག་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་བྱ་མང་ཤང་ཕོ་རོང་ཐང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་འཐུས་མི་འཆི་བདེ་ཡིས“ས་མཐོའི་དབུགས་རྡིག”གི་གཏམ་རྒྱུད་གླེང་།
འཆི་བདེ་གནས་སའི་གྲོང་ཚོའི་ས་བབ་མཐོ་ཚད་སྨི་4500ཙམ་ཟིན་ཡོད། ལྟོ་ཆས་བཟོ་སྐབས་དབུགས་རྡིག་དང་ཁ་འབྲལ་ཐབས་མེད། འོན་ཀྱང་བོད་དུ་ཡོངས་ཁྱབ་ངང་སྤྱོད་པའི་དབུགས་རྡིག་གི་གནོན་ཤུགས་ཚད་གཞི་ཚང་མ་ཐང་གཤོངས་ཁུལ་ལ་དམིགས་པ་ཞིག་ཡིན་པས་ས་མཐོའི་མང་ཚོགས་ཀྱི་གཡོས་སྦྱོར་དགོས་མཁོ་སྐོང་ཐུབ་ཀྱི་མེད།
དབུགས་རྡིག་ཆུང་ཆུང་ཞིག་གིས་མི་སེར་གྱི་དམངས་འཚོར་འགྱུར་ལྡོག་ཆེན་པོ་བྱུང་ཡོད།
2022ལོའི་དཔྱིད་གསར་དུས་ཆེན་བཏང་མ་ཐག་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་གཞི་རིམ་དུ་བརྟག་ཞིབ་གནང་སྐབས་ས་མཐོའི་མང་ཚོགས་ཚོར“དབུགས་རྡིག”ཡག་པོ་ཞིག་མེད་པའི་དཀའ་ངལ་ཡོངས་ཁྱབ་ངང་འཕྲད་པ་དང་། སྤྱིར་བཏང་གི་དབུགས་རྡིག་གི་བཀོལ་སྤྱོད་གོ་རིམ་རྙོག་འཛིང་ཆེ་བ་དང་། གཡོས་སྦྱོར་གྱི་གནོན་ཤུགས་མི་འདང་བ། བྱེད་ནུས་རྐྱང་པ་ཡིན་པ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གནས་པ་སོགས་ཀྱི་གནད་དོན་ཡོད་པ་ཤེས་རྟོགས་བྱུང་བ་རེད།
བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་དཔལ་འབྱོར་དང་ཆ་འཕྲིན་ཅན་སྡེ་ཚན་ལ“བཟོ་དབྱིབས་མཛེས་པ་དང་། བེད་སྤྱོད་གཏོང་བདེ་བ། རིན་གོང་ཁེ་བ”བཅས་ཀྱི་རྩ་དོན་གཞིར་བཟུང་། མང་ཚོགས་ཀྱི་དགོས་མཁོར་དམ་པོར་དམིགས་ནས་ས་མཐོར་ཕན་པའི་དབུགས་རྡིག་ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་ཁྱབ་གདལ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།
བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ཧྲི་ཀྲང་། འཐུས་མི་བཅས་ཡིན་པའི་ཝང་ཧྥང་ཧུང་2022ལོར་རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གི་ཐིང་ཀྲང་གནང་མྱོང་ཡོད།
(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) ཁོང་གིས། སྐབས་དེ་དུས་ལས་འགན་འཁུར་རྗེས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གིས་ལས་དོན་ཆེད་དོན་ཚོགས་ཆུང་འཕྲལ་དུ་བཙུགས་ཏེ་ལས་རིགས་མཐུན་ཚོགས་དང་ཐབ་ཆས་བཟོ་མཁན་སྣེ་འདྲེན་ཁེ་ལས་སྒྲིག་འཛུགས་བྱས་ནས་མཉམ་འབྲེལ་ཐོག་ཞིབ་འཇུག་གསར་སྤེལ་གྱི་འགག་སྒྲོལ་བྱེད་འགོ་བརྩམས་པ་དང་། 2022ལོའི་ཟླ་གསུམ་པར་རྣམ་གྲངས་གཏན་འཁེལ་བྱས་པ། ཟླ་གསུམ་གྱི་རྗེས་སུ་ཞིབ་འཇུག་གསར་སྤེལ་གྱི་ཐོན་རྫས་བཏོན་པ་ཡིན་ཞེས་དྲན་གསོ་བྱེད་བཞིན་གསུངས།
“ཚང་མས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ནས་ས་མཐོའི་དབུགས་རྡིག་ཞིབ་བཟོའི་ཚོད་ལྟ་བྱེད་པར་ལས་རིགས་ཧྲིལ་པོའི་བློ་གྲོས་གཅིག་ཏུ་འདུས་པ་ཞིག་རེད་ཅེས་བརྗོད་ཆོག་པ་དང་། དེར་ལག་རྩལ་གྱི་ཁེ་བེད་བདག་ཐོབ་18རག་ཡོད”ཅེས་ཝང་ཧྥང་ཧུང་གིས་གསུངས།
2022ལོའི་ཟླ་11ཚེས་20ཉིན། ལོ་རེར་ཐོན་ཚད་ཁྲི་100ཟིན་པའི་ས་མཐོའི་ཆེད་སྤྱོད་དབུགས་རྡིག་བོད་དུ་བདེ་བླག་ངང་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་དེ་རྗེས་ལྗོངས་ཡོངས་སུ་རིམ་བཞིན་ཁྱབ་གདལ་བཏང་ཡོད།
2023ལོའི་སྟོན་དུས་སུ་འཆི་བདེའི་ཁྱིམ་ལ་ས་མཐོའི་དབུགས་རྡིག་གསར་པ་དེ་སྤྱོད་རྒྱུ་བྱུང་ཡོད། “ང་རང་དབུགས་རྡིག་དེར་ཧ་ཅང་དགའ་པོ་ཡོད། གང་ལགས་ཤེས་ན། དེའི་བྱེད་ནུས་མང་བ་དང་། བཀོལ་སྤྱོད་སྟབས་བདེ་བ་མ་ཟད། དེའི་ནང་བཟོས་པའི་ལྟོ་ཆས་ཀྱི་བྲོ་བའང་ཧ་ཅང་ཞིམ་པོ་ཡོད་པས་རེད། སྲིད་གཞུང་གིས་མང་ཚོགས་ཀྱི་དོན་དག་སེམས་ལ་བཅངས་པས་ང་ཚོའི་འཚོ་བ་ཧ་ཅང་བདེ་སྐྱིད་ལྡན་པ་ཞིག་ཡོད་པའི་མྱོང་ཚོར་བྱུང”
ད་ཆ། འཆི་བདེ་གནས་སའི་གྲོང་ཚོའི་ཁྱིམ་ཚང་ཚང་མས་དབུགས་རྡིག་དཔེ་གསར་དེ་སྤྱོད་ཀྱི་ཡོད་པ་དང་། ལ་ལས་ད་དུང་ས་མཐོའི་རླངས་སྒམ་དང་ས་མཐོའི་ཆུ་སྐོལ་བྱེད་ཀྱི་ཚ་དམ་སོགས་སྤྱོད་ཀྱི་ཡོད།
བོད་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་བོད་ཀྱི་ཁྱིམ་ཚང་ཁྲི་50ལྷག་ཙམ་གྱིས་ས་གནས་དེ་གས་ཐོན་སྐྱེད་བྱས་པའི་ས་མཐོའི་ཐབ་ཆས་སྤྱད་པ་དང་མི་ཁྲི་བརྒྱ་ལྷག་ཙམ་ལ་དེའི་ཁྲོད་ནས་ཕན་པ་ཐོབ་ཡོད་པ་རེད།
དབུགས་རྡིག་ཆུང་ཆུང་ཞིག་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད་བྱེད་པ་ནས་མང་ཚོགས་ཀྱིས་ཐོན་རྫས་གསར་པ་དེ་བེད་སྤྱོད་བྱེད་པའི་བར་ལོ་གཅིག་ལས་འགོར་མེད། ལས་ཕྱོད་འདི་ལྟར་ཆེན་པོ་ཡོང་དོན་ནི་ཏང་དང་སྲིད་གཞུང་གིས་མི་སེར་གྱི་གནས་བབ་ནས་གནད་དོན་ལ་ལྟ་བ་དང་བྱ་བ་བསྒྲུབས་ཏེ་དབུགས་རྡིག་ཆུང་ཆུང་བཟོ་རྒྱུ་དེ་དོན་ཆེན་ལ་བརྩིས་པས་རེད།
འདི་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང“འཕེལ་རྒྱས་ཀྱི་བསམ་ཕྱོགས་ཐད་ནས་དམངས་འཚོའི་ཞན་ཆ་སེལ་བའི་གནད་དོན་ལ་མཐོང་ཆེན་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཁྲོད་དཔལ་འབྱོར་གྱི་འཕར་གཞི་གསར་པ་སྐྱེད་སྲིང་བྱེད་དགོས”ཞེས་བཏོན་ཡོད་པ་དེའི་ནང་དམངས་འཚོ་འཕེལ་རྒྱས་ཀྱི་བློ་གྲོས་གཅིག་ཏུ་འདུས་ཡོད།
དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ་ནི་འཕེལ་རྒྱས་ཀྱི་རྩ་བའི་དམིགས་ཡུལ་ཡིན། མིག་སྔར་རང་རྒྱལ་གྱི་དཔལ་འབྱོར་གང་མགྱོགས་ཕྱོགས་སྒྱུར་རིམ་སྤོར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པས། འཕེལ་རྒྱས་ཁྲོད་དམངས་འཚོ་འགན་ལེན་དང་ལེགས་སུ་ཇི་ལྟར་གཏོང་དགོས་མིན་དེ་ནི་སྲིད་གཞུང་གི་ནུས་པ་དང་ཆུ་ཚད་ལ་ཚོད་བགམ་བྱེད་པ་ཞིག་རེད།
བོད་ཀྱི“ས་མཐོའི་དབུཌ་རྡིག”གཅིག་ལས་འཕྲོས་པའི་གཏམ་རྒྱུད་ལས་ང་ཚོར་མང་ཚོགས་ཀྱི་རེ་སྒུག་ཁྲོད་འཇུག་སྒོ་བཙལ་ཏེ་དམངས་འཚོའི་དོན་ཆུང་ཡག་པོ་བསྒྲུབས་ཚེ། མི་སེར་གྱི་དཀའ་གནད་སེལ་ཐུབ་པ་མ་ཟད། ད་དུང་དཔལ་འབྱོར་གྱི་འཕར་གཞི་གསར་པའང་སྔོག་འདོན་ཐུབ་པའི་བློ་སྒོ་ཕྱེ་ཡོད།
དཔེར་ན། མིག་སྔར་བོད་དུ་ས་མཐོའི་ཐབ་ཆས་གསར་པ་ད་དུང་ཁ་ཐང་པོ་ཡོད། ན་ནིང་བོད་རང་སྐྱོང་ལྗོངས་ཀྱིས་ཆེད་མངགས་ཡིག་ཆ་བཀྲམ་ནས་ས་མཐོའི་ཐབ་ཆས་ཐོན་ལས་འཕེལ་རྒྱས་ལ་མཛུབ་ཁྲིད་བྱས་ཏེ“ཐབ་ཆས་ཆུང་ངུར”བརྟེན་ནས་ཐོན་ལས་ཆེན་པོ་སྐྱེད་སྲིང་བྱེད་དགོས་ཞེས་བཏོན་ཡོད། དེས་མི་ཚད་མི་སེར་ཚོས་ཚུར་སྣང་ལན་ཆ་ཆེ་བའི་དྲོད་རླངས་མཁོ་འདོན་དང་གསོ་རླུང་མཁོ་འདོན་ནས་ས་མཐོའི་རྣམ་པའི་ཉེར་སྤྱོད་ཁྱིམ་སྤྱོད་གློག་ཆས་ཆུང་གྲས་བར་གྱི་དགོས་མཁོར་དམིགས་ཏེ། བོད་ཀྱིས་ཡུལ་བབ་དང་བསྟུན་ནས་ས་མཐོའི་ཡང་བའི་བཟོ་ལས་ཐོན་ལས་དེ་བས་མང་བ་འཕེལ་རྒྱས་གཏོང་བར་ཇུས་འགོད་བྱེད་བཞིན་ཡོད།
ཁྲོམ་རར་དགོས་མཁོ་ཡོད་ན་དཔལ་འབྱོར་འཕར་བར་བར་མཐོངས་ལྡན་ཐུབ།
2023ལོར་རང་རྒྱལ་གྱི་རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་66.16%ཟིན་ནས་ད་དུང་མང་དུ་འགྲོ་བའི་བར་མཐོངས་ཆེན་པོ་ཡོད་པ་དང་། 2022ལོའི་བར། ཐེམ་ཐོའི་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་47.7%ལས་ཟིན་མེད་པ་དེ་ལས་ཞིང་ལས་གཞན་སྒྱུར་མི་འབོར་འབོར་ཆེན་ཞིག་ད་དུང་གྲོང་མིར་གྱུར་མེད་པ་མཚོན་པ་དང་། འདི་དག་ཚང་མར་སྡོད་ཁང་དང་། སློབ་གསོ། སྨན་བཅོས། རྒན་གསོ་སོགས་ཐད་ཀྱི་དགོས་མཁོ་ཆེན་པོ་ཡོད།
སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། འདི་ལོ་ལས་དོན་འབོར་ཆེན་བསྒྲུབས་ནས“གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་སྐུལ་འདེད་ཧུར་ཐག་གཏོང་བ”དང་། རྫོང་ཁོངས་དཔལ་འབྱོར་སྐྱེད་སྲིང་འཕེལ་རྒྱས་གཏོང་བ། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཞན་ཆ་སེལ་བ། གྲོང་ཁྱེར་གསར་སྒྱུར་བྱ་སྤྱོད་ལག་ལེན་བརྟན་པོ་བསྟར་བ། ས་འོག་གི་མདོང་དྲ་གང་མགྱོགས་འཐུས་སྒོ་ཚང་དུ་གཏོང་བ་སོགས་བཀོད་སྒྲིག་བྱས་ཡོད། བྱ་ཐབས་གསར་པ་འདི་དག་ནི་མི་སེར་གྱི་ཉེ་འགྲམ་ལས་དོན་ལ་དམིགས་པ་དང་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་ལྡན་ཡོད།
འཕེལ་རྒྱས་ཀྱི་བསམ་ཕྱོགས་དེ་བས་ལེགས་པར་སྤྱད་དེ་གནད་དོན་ཐག་གཅོད་བྱེད་པར། མི་སེར་གྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་བ་ནས་འགོ་རྩོམ་པ་དང་། ཁེ་ལས་དང་མི་སེར་གྱི་རེ་སྒུག་ཁྲོད་ནས་དམིགས་ས་དང་ཤུགས་རྒྱག་ས་གནད་འཁེལ་བཙལ་ཐུབ་ཚེ། ཕྱོགས་གང་ཅིའི་ཐད་ཀྱི་མཉམ་ཤུགས་ཆེན་པོ་དེ་བས་གཅིག་འགྲིལ་ཐུབ་པ་དང་དཔལ་འབྱོར་འཕར་སྣོན་ཡོང་བའི་མི་མངོན་པའི་སྟོབས་ཤུགས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་འདོན་ཐུབ།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་བའི་གློག་འཕྲིན)
(ཉི་དོན་དང་བསོད་ནམས་དཔའ་མོས་སྒྱུར་ཞུས་བྱས)