《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年03月12日

ཆུ་ཤུར་རྫོང་ལྗང་གྲོང་ཚོས་མང་ཚོགས་ལ་རྒྱུན་མཐུད་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། ཆུ་ཤུར་རྫོང་ལྗང་གྲོང་ཚོས“ལས་རིགས་གཅིག་གིས་གཙོ་ཁྲིད་བྱེད་པ་དང་ལས་རིགས་མང་པོ་འཕེལ་རྒྱས་གཏོང་བའི”བསམ་ཕྱོགས་ལྟར་ཡུལ་བབ་དང་བསྟུན་པ་དང་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ། སྔོ་ཚལ་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་སྤྱི་འདོམས་འཕེལ་རྒྱས་བཏང་ནས། མང་ཚོགས་ལ་རྒྱུན་མཐུད་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་པས་འཚོ་བ་འབྱོར་ཕྱུག་ལྡན་པར་གྱུར་ཡོད།

ལྗང་གྲོང་ཚོས་ཆུ་ཤུར་རྫོང་གི“སྔོ་ཚལ་དང་ཤིང་འབྲས་རྟེན་གཞིའི”ཐོན་ལས་ཀྱི་ངེས་གནས་ལ་གཞི་ཚུགས་ནས་ཤིན་སའེ་སྔོ་ཚལ་རྟེན་གཞིའི་སྣེ་ཁྲིད་ཀྱི་ནུས་པ་ཆེ་རུ་བཏང་སྟེ“རྟེན་གཞི་དང་། མཉམ་ལས་ཁང་། ཞིང་དུད་བཅས་ཟུང་དུ་འབྲེལ་བའི”གཉེར་སྐྱོང་བྱེད་སྟངས་སྤྱད་དེ་ཤང་ཡོངས་ཀྱི་ཞིང་དུད་ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱས་ཡོད། མིག་སྔར་མུའུ་2085ཟིན་པའི་ས་ཆར་སྔོ་ཚལ་དྲོད་ཁང་ཆེ་མོ་སྟར་པ་1119བསྐྲུན་པ་དང་སྔོ་ཚལ་སྣ་ཁ་40ལྷག་ཙམ་བཏབ་པར་ལོ་རེར་སྔོ་ཚལ་ཏུན་ཁྲི་2.3ཐོན་པ་དང་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་1.2ཟིན་ཡོད། ས་ཞིང་ནང་བཤུག་བཏང་བ་བརྒྱུད་ཞིང་དུད་ལ་ལོ་རེར་འབབ་འཕར་སྒོར་ཁྲི་750ལྷག་ཙམ་བྱུང་ཡོད།

ལྗང་གྲོང་ཚོ་ཨུ་ལྷན་གྱིས་མཉམ་སྡེབ་རྒྱུ་ནོར་མ་རྐང་དབང་ནུས་སྒྱུར་བཅོས་བྱེད་པའི་རྨང་གཞིའི་ཐོག མཉམ་སྡེབ་ཀྱི“མ་རྩ་གསུམ”བེད་སྤྱོད་གང་ལེགས་བྱས་ཏེ་ཆུ་ཤུར་རྫོང་ཆི་ལིང་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། གྲོང་གསེབ་ཀྱི་སྤྱི་ཕན་རྣམ་གྲངས་སྒྲིག་འཛུགས་དང་ལེན་བྱས་ཏེ། གཟན་རྩྭ་འདེབས་འཛུགས་དང་། སོན་བཟང་གསོ་སྤེལ། ས་བོན་ཞིང་སྨན། ཞིང་འཕྲུལ་འཁོར་སྐྱོད། འབྲུ་སྣུམ་ལས་སྣོན། ལྟ་སྐོར་ཡུལ་སྐོར་སོགས་ཁེ་ལས་ཀྱི་དཔལ་འབྱོར་ཐ་སྐྱོང་འཕེལ་རྒྱས་བཏང་བ་དང་། མ་རྩའི་གཞི་ཁྱོན་སྒོར་ཁྲི་1000ལྷག་ཙམ་ཟིན་ནས་རིམ་རྩིས་བྱས་ན་ཁེ་སྤོགས་སྒོར་ཁྲི་157ལྷག་ཙམ་བགོས་ཡོད།

ལྗང་གྲོང་ཚོ་ཨུ་ལྷན་གྱིས་ས་གནས་དེ་གའི་སྲོལ་རྒྱུན་ལྷ་མོའི་རིག་གནས་ཀྱི་གཞི་རྒྱུ་སྔོག་འདོན་གང་ལེགས་བྱས་ནས། རིག་གནས་ཡུལ་སྐོར་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཚན་ནས་རྣམ་གྲངས་མ་དངུལ་གྱི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱས་པ་དང་། ལག་རྩལ་དང་འཇོན་ཐང་ཡོད་པའི་ཏང་ཡོན་22ཀྱིས་ཞིང་འབྲོག་མང་ཚོགས་ཀྱི་སྣེ་ཁྲིད་དེ“ལྗང་གྲོང་ཚོའི་ལྷ་མོའི་རུ་ཁག”བཙུགས་པ་དང་། ལོ་རེར་ཆ་སྙོམས་འཁྲབ་སྟོན་ཐེངས་20བྱས་པར་མི་རེར་ལོ་རེར་ཡོང་འབབ་སྒོར་8000ལྷག་ཙམ་བྱུང་ཡོད།

གྲོང་ཚོ་ཨུ་ལྷན་གྱིས་སྒྲིག་འཛུགས་མཐུན་སྦྱོར་གྱི་ལེགས་ཆ་གང་ལེགས་འདོན་པ་དང་རྣམ་གྲངས་ལས་གྲྭ་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ། མང་ཚོགས་ཕྱིར་གླ་པར་སྐྱོད་རྒྱུར་སྒྲིག་འཛུགས་བྱས་ནས་མང་ཚོགས་ལ་འབབ་འཕར་གྱི་ཐབས་ལམ་གསར་པ་བཏོད་ཡོད། 2023ལོ་ཚུན། གྲོང་ཚོ་ཨུ་ལྷན་གྱིས་སྒྲིག་འཛུགས་དང་མཐུན་སྦྱོར་གྱི་ནུས་པ་གང་ལེགས་བཏོན་ནས་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་དང་། གནམ་གྲོང་ཚོའི་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་འདུ་འགོད། ལྗང་གྲོང་ཚོའི“མཛེས་སྡུག་ལྡན་པའི་གྲོང་གསེབ། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”སོགས་ཀྱི་རྣམ་གྲངས་ནང་ཞུགས་ཏེ་ཞིང་འབྲོག་པ་མི་ཐེངས་7950ལས་ཞུགས་ཐུབ་པ་དང་འབབ་འཕར་སྒོར་ཁྲི་626.53ཡོང་བར་སྐུལ་ཁྲིད་ཐུབ་ཡོད།